འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།བོད་ཀྱི་ས་གནས་ཁག་གི་སྟོན་བསྡུའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ལིན་དང་། ཡོན་ཆོན། ཆུང་བདག་སྒྲོལ་དཀར། ཞུས་ཡུས་ཡའོ།
    མིག་སྔར། བོད་ལྗོངས་འདི་ཉིད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་བོད་ཀྱི་ས་གནས་ཁག་གི་སྟོན་བསྡུའི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འཕྲེང་རིང་ཤང་རྒྱ་སྟོད་གྲོང་ཚོའི་ཞིང་ནང་དུ་འཕྲེང་རིང་ཤང་རྒྱ་སྟོད་གྲོང་ཚོའི་སྟོན་བསྡུའི་དང་བླངས་ཞབས་ཞུ་རུ་ཁག་གིས་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་ཡོད་ཅིང་། ཁག་གཅིག་གིས་ཟོར་བ་སྤྱད་དེ་སྨིན་པའི་ལོ་ཏོག་བརྔ་བཞིན་ཡོད་པ་དང་། ལ་ལས་བརྔས་ཟིན་པའི་ལོ་ཏོག་ཚར་མ་རྒྱག་པ་དང་། དེ་རྗེས་གྲལ་འགྲིག་པོས་རེ་རེ་བཞིན་ལྕོག་རྒྱག་བཞིན་ཡོད། སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། རྒྱལ་རྩེ་རྫོང་གིས་སྟོན་བསྡུའི་ཞིང་འཕྲུལ་ཡོ་ཆས་ཀྱི་ལྷུ་ལག་སྐྱེལ་བ་དང་ཞིང་འཕྲུལ་ཡོ་ཆས་ཀྱི་སྤྱོད་སྣུམ་སྤྲོད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ནས་གཞི་རིམ་གྱི་ཞིང་འཕྲུལ་ཡོ་ཆས་ཆུང་གྲས་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་པ་དང་དུས་མཚུངས། ཁོངས་གཏོགས་ཁུལ་གྱི་ཞིང་འཕྲུལ་མཉམ་ལས་ཁང་15སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་99བཏང་བ་དང་། ས་ཁོངས་དང་ཆ་རྐྱེན་དབྱེ་བའི་བྱེད་སྟངས་གཞིར་བཟུང་གཞི་ཁྱོན་ཅན་གྱི་བརྔ་བསྡུ་བྱས་ཤིང་། མིག་སྔའི་བར་རྒྱལ་རྩེ་རྫོང་གིས་ཞིང་ལས་ལོ་ཏོག་མུའུ་ཁྲི་14.90བརྔ་བསྡུ་བྱས་པ་དེས་འདེབས་ཁྱོན་བསྡོམས་འབོར་གྱི་92%བཟུང་བ་དང་། སྔོན་དཔག་ལྟར་ན་འདི་ལོའི་ཟླ་10པར་སྟོན་བསྡུའི་ལས་འགན་ཁག་ལེགས་སྒྲུབ་ཟིན་རྒྱུ་རེད།
    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་དང་ཆབས་ཅིག མི་སྣ་སྐོང་འཐེན་དང་འཕྲུལ་ཆས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ནུས་ལྡན་བྱེད་པ་དང་། བླང་བྱ་ནན་པ་དང་། བྱ་སྤྱོད་མྱུར་བ། བྱ་ཐབས་ནུས་ལྡན་བཅས་ཀྱི་སྒོ་ནས་སྟོན་བསྡུའི་ཞིང་སྐྱོར་ལས་དོན་ལ་མགྱོགས་པ་དང་། ཞིབ་ཚགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་རིམས་ནད་མཆེད་པའི་སྐབས་སུ་མིག་སྔའི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱས་ཏེ། ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མི་ཡོང་བ་དང་ཞིང་ལས་འཐུས་ཤོར་མི་ཡོང་བ་བྱས་ཡོད། མང་ཚོགས་ལ་ངལ་རྩོལ་གྱི་འབྲས་བུ་ཡིན་པའི་ལོ་ཏོག་དུས་ཚོད་དམ་འཛིན་གྱིས་བརྔ་བསྡུ་བྱེད་རོགས་བྱས་ཏེ་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཉིན་ཤས་རིང་། རྣམ་གླིང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་རུ་ཁག་གིས“དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི”དམིགས་ཡུལ་ལ་གཞིགས་ནས། ཞིང་ནང་དུ་རང་འགུལ་ངང་བསྐྱོད་དེ་ཞིང་སྐྱོར་སྟོན་བསྡུའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཆེད་སེམས་ནུས་ཧུར་ཐག་བཏོན་ཞིང་། ཟླ་9ཚེས་22ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱིས་ལོ་ཏོག་མུའུ་ཁྲི་89བརྔ་བསྡུ་བྱས་པ་དེས་འབྲུ་རིགས་འདེབས་ཁྱོན་བསྡོམས་འབོར་གྱི་63%ཡན་བཟུང་ནས་ལོ་གོང་མའི་འཕེལ་རིམ་དང་སྤྱིར་ན་གཅིག་མཚུངས་བྱུང་ཡོད་པ་རེད།
   སྟོན་ཟླ་དགུ་པར་ལོ་ཏོག་ལ་གཡུར་ཟའི་འབྲས་བུ་སྨིན་ཞིང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་གི་ཀུ་ཤུར་སླར་ཡང་ཐོན་འབབ་བྱུང་ཡོད། འབྲས་ཤིང་ཐོག་ཀུ་ཤུའི་འབྲས་བུ་རབ་ཏུ་སྨིན་ནས་དམར་ལ་ཆེ་བ་དང་། མཁའ་རླུང་ཁྲོད་ཀུ་ཤུའི་དྲི་ཞིམ་ལྷང་ལྷང་འཐུལ་བ་དང་། ཀུ་ཤུའི་ལྡུམ་ར་ཆ་ཚང་ཨ་སྔོན་སྤྲིན་དཀར་དང་མཉམ་དུ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལོ་ལེགས་ཀྱི་རི་མོ་ཞིག་གྲུབ་ཡོད། འབྲས་ཤིང་ལྡུམ་རའི་ནང་ཡུལ་མི་ཚོ་བྲེལ་འཚུབ་ངང་ཀུ་ཤུ་འཐུ་བ་དང་། སླེལ་པོའི་ནང་བླུག་པ། དབོར་བ་བཅས་ཀྱི་ཐོག་ནས་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས་ཤིང་། བྲག་གཡབ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཤེ་ཏུང་གིས“འདི་ལོ་རྫོང་ཡོངས་སུ་ཀུ་ཤུའི་ཐོན་འབབ་སྔོན་དཔག་ལྟར་ན་ཏུན་380ལྷག་ཙམ་ཟིན་རྒྱུ་དང་། ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་400ལྷག་ཙམ་ཟིན་རྒྱུ་ཡིན་པས་ཀུ་ཤུའི་ཐོན་ལས་དེ་ས་གནས་དེ་གའི་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཀ་རྟེན་ཐོན་ལས་ལ་གྱུར་ཡོད”ཅེས་བརྗོད།
    སྟོན་ཟླ་དགུ་པ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་ནས་དང་། གྲོ ཞོག་ཁོག པད་ཁ། སྲན་མ་སོགས་ཞིང་ནང་དུ་ལོ་ཏོག་བསྡུ་བའི་ནམ་དུས་ཡིན་ལ། ཞིང་འབྲོག་པར་བདེ་སྐྱིད་ཡོང་བའི་ནམ་དུས་ཤིག་ཀྱང་ཡིན་ཞིང་། སྟོན་བསྡུའི་རིང་། འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལག་རྩལ་མི་སྣ་ཞིང་ནང་དུ་སྟོན་བསྡུའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བསྐྱོད་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་དང་ཏན་ཏིག་བྱེད་པ་དང་དུས་མཚུངས། ལག་རྩལ་མི་སྣ་ཞིང་ནང་དུ་བསྐྱོད་དེ་ལོ་ཏོག་ལ་ཐོན་འབོར་ཚོད་རྩིས་ཀྱི་ལས་དོན་སྤེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་འཕྱོངས་རྒྱས་རྫོང་གི་འདེབས་ཁྱོན་བསྡོམས་འབོར་མུའུ་ཁྲི་2.74ཟིན་པ་དང་། སྔོན་དཔག་ལྟར་ན་འབྲུ་རིགས་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི་2293ཟིན་རྒྱུ་ཡིན་པ་དེ་2021ལོ་ལས་རྒྱ་མ་ཁྲི་19.37ཐོན་འཕར་ཡོང་རྒྱུ་རེད།
    ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལུང་ཤུར་ཁུལ་ནས་བོད་བྱང་ཐང་བར་དང་། ཐོག་མེད་ཤིང་འབྲས་ལྡུམ་ར་ནས་འགྱིག་ཤོག་དྲོད་ཁང་ཆེ་མོའི་བར། ས་བབ་མཐོ་ཚད་སྨི་3000ནས་སྨི་5000ཙམ་བར་བཅས་སུ་སྟོན་རླུང་དང་བསྟུན་ནས་ལོ་ཏོག་གི་དྲི་ཞིམ་གང་སར་འཐུལ་ཞིང་། ཞིང་ནང་དུ་ཞིང་འཕྲུལ་སྣ་ཚོགས་ཕར་འགྲོ་ཚུར་འོང་བྱེད་པ་དང་། སྟོད་གོས་དམར་པོ་གྱོན་པའི་དང་བླངས་ལས་གྲུབ་པའི་སྟོན་བསྡུའི་འཕྲལ་སྒྲུབ་རུ་ཁག་མང་པོ་ས་གནས་དེ་གའི་ཡུལ་མི་དང་མཉམ་དུ་ཞིང་ནང་དུ་ལས་ལ་བྲེལ་བཞིན་ཡོད། འབྲས་ཤིང་ལྡུམ་རར་དེང་རབས་ཅན་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོ་གྲལ་སྟར་འགྲིག་པ་དང་ཤིང་འབྲས་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ་བ་དེ་སྟོན་ཁའི་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ལ་གྱུར་ཡོད་པ་རེད།