འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་25ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ང་བཞི་པ། མགྲོན་ཁང་ནང་ལྐོག་ལེན་གྱི་བརྙན་ཆས་མཐོང་ཚེ་གང་འདྲ་བྱེད་དགོས་སམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་25ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ང་བཞི་པ། མགྲོན་ཁང་ནང་ལྐོག་ལེན་གྱི་བརྙན་ཆས་མཐོང་ཚེ་གང་འདྲ་བྱེད་དགོས་སམ།
     གྱོད་གཞི། 
     ཞའོ་ལི་ཕྱི་ལ་ཡུལ་སྐོར་དུ་སོང་ནས་མགྲོན་ཁང་ནང་བསྡད་རྗེས། བརྙན་འཕྲིན་འགྲམ་གྱི་བསྒར་ཁུང་ནང་དུ་ཁབ་མིག་བརྙན་ལེན་ཆས་ཤིག་ཡོད་པ་མཐོང་། ཁོ་མོས་འཕྲལ་མར་མགྲོན་ཁང་གི་སྤྱི་གཉེར་བ་བཙལ་ནས་གནས་ཚུལ་བཤད། འོན་ཀྱང་སྤྱི་གཉེར་བས་མགྲོན་ཁང་གིས་གནས་ཚུལ་མི་ཤེས་ཅེས་བཤད་ནས་ཕྱོགས་གཉིས་བར་རྩོད་པ་བྱུང་བས།  ཞའོ་ལི་ཡིས་ཉེན་རྟོག་པར་ཡར་ཞུ་བྱས་པ་རེད། ཉེན་རྟོག་པས་ཞིབ་བཤེར་བྱས་པ་བརྒྱུད། བརྙན་ལེན་ཆས་འདི་ནི་དེ་སྔོན་གྱི་མགྲོན་པོ་ཝང་ལགས་ཀྱིས་བཞག་པ་ཡིན་པ་དང་། མགྲོན་ཁང་གིས་གནས་ཚུལ་དེ་ཤེས་ཀྱི་མེད་པ་ཤེས་རྟོགས་བྱུང་བ་རེད། ཞའོ་ལི་ཡིས་རང་ཉིད་ཀྱི་ཁེ་དབང་ཇི་ལྟར་སྲུང་སྐྱོང་བྱེད་དགོས། 
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད་པ། 
     ཞའོ་ལི་ཡིས་ཝང་ལགས་དང་མགྲོན་ཁང་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་དང་སོ་གསུམ་པའི་ནང་གཏན་འབེབས་བྱས་དོན། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པའམ་ཁེ་དབང་བདག་པོས་མོས་མཐུན་ཁ་གསལ་བྱས་ཡོད་པ་ཕུད། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་མི་གཞན་གྱི་སྡོད་ཁང་དང་མགྲོན་ཁང་གི་ཁང་མིག་སོགས་གསང་བའི་བར་སྟོང་ནང་དུ་འཛུལ་བ་དང་། པར་ལེན་བྱེད་པ། ལྐོག་ལྟ་བྱེད་པའི་བྱ་སྤྱོད་སྤེལ་མི་ཆོག དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་བརྒྱ་དང་གོ་བརྒྱད་པའི་ནང་གཏན་འབེབས་བྱས་དོན། མགྲོན་ཁང་དང་། ཚོང་ཁང་། དངུལ་ཁང་། རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་། ལུས་རྩལ་ཐང་། རོལ་རྩེད་གནས་ཁང་སོགས་གཉེར་སྐྱོང་གནས་ཡུལ་དང་སྤྱི་པའི་གནས་ཡུལ་གྱི་གཉེར་སྐྱོང་བྱེད་མི་དང་དོ་དམ་བྱེད་མིའམ་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་འཁྱོལ་བར་མི་གཞན་ལ་གནོད་རྐྱེན་བཟོས་པ་ཡིན་ན། དབང་གནོད་འགན་འཁྲི་འཁུར་དགོས། ཕུང་གསུམ་པའི་བྱ་སྤྱོད་ཀྱི་རྐྱེན་གྱིས་མི་གཞན་ལ་གནོད་རྐྱེན་བཟོས་པ་ཡིན་ན། ཕུང་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས་པ་དང་། གཉེར་སྐྱོང་བྱེད་མི་དང་དོ་དམ་བྱེད་མིའམ་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་འཁྱོལ་བ་ཡིན་ན། དེར་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། གཉེར་སྐྱོང་བྱེད་མཁན་དང་དོ་དམ་བྱེད་མིའམ་སྒྲིག་འཛུགས་བྱེད་མཁན་གྱིས་ཁ་གསབ་འགན་འཁྲི་ཁུར་རྗེས། ཕུང་གསུམ་པར་སྐྱིན་གསབ་བདའ་འདེད་བྱས་ཆོག