འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་
ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་02ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་31ཉིན་འཚོགས་པའི“ཀྲུང་གོའི་ལོ་བཅུ་སྟེ·མཚོ་སྔོན”གྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་རེད།
   མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིང་གིས་ངོ་སྤྲོད་བྱས་པར། ལོ་10ཡི་རིང་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ལྗང་མདོག་ཐཱན་ཉུང་སྟོན་ཕྱོགས་སུ་བྱེད་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ཡོད།
   མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད། ལོ་10ཡི་རིང་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཆུ་རྩྭ་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས་6%ཡན་འཕར་ནས་གཙོ་གནད་ཁུལ་གྱི་གཙང་པོ་དང་མཚོ་མཚེའུ་ཡི་སྤུས་ཚད་ལོན་ཚད་100%ཟིན་པ་དང་། ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ཆུང་དུ་ཕྱིན་ནས་རྩྭ་ར་ཁྱབ་ཚད་དང་རྩྭ་ཐོན་ཚད་11%དང་30%ཡན་སོ་སོར་འཕར་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་ཡོད།
   ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཧུར་ཐག་བཏོད་ཅིང་། མཚོ་སྔོན་དུ“རྫས་འགྱུར་ཅ་དང་། ནཱ། མེ། ལི། ལུའེ”བཅས་ཀྱི་ཐོན་ལས་ཆེན་པོ་ལྔའི་ཚོ་འདུས་སྤྱིར་ན་བསྐྲུན་ཏེ་2021ལོར་ཞིང་ཆེན་ཡོངས་ཀྱི་ཚྭ་མཚེའུ་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་332ཟིན་པ་དེ་དུས་མཚུངས་ལས་46%འཕར་བ་དང་། ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་རྟེན་གཞི་གཉིས་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་4325ཡི་སྒྲིག་སྦྱོར་འཕྲུལ་འཁོར་ཨ་མའི་ཁྲོད་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་ཞིང་ཆེན་ཡོངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ཨ་མའི་91%བཟུང་ཡོད་པ་རེད།
   བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ཞིང་། མཚོ་སྔོན་གྱིས་ལོ་ལྟར་75%ཡན་གྱི་ནོར་སྲིད་གཏོང་སྒོ་དམངས་འཚོ་འཛུགས་སྐྲུན་ཐད་སྤྱད་ནས། དམངས་འཚོའི་དོན་དངོས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་དང་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོ་ལས་126%འཕར་ཡོད། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་མུ་མཐུད་འཛུགས་གཏོད་ཧུར་ཐག་བྱས་ཏེ། གྲོང་ཁྱེར་དང་ཀྲོའུ་ཚང་མས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ཀྲོའུ)བསྐྲུན་པ་དང་རྫོང(གྲོང་ཁྱེར་དང་ཆུས)70%ཡིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)བསྐྲུན་ཡོད་པ་རེད།
   ཡོངས་བསྒྲགས་ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་འཇོག་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གཏོད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཁྲི་600ཡི་ལས་དོན་ཐབས་བརྒྱ་ཇུས་སྟོང་ངང་ཡག་པོ་དང་ཏན་ཏིག་བསྒྲུབ་པ། ཐུན་མོང་འབྱོར་ཕྱུག་གི་འགྲོ་ལམ་ཐོག་བསྐྱོད་རྒྱུར་མི་རིགས་གཅིག་དང་མི་གཅིག་ཀྱང་མ་ལུས་པ་བྱས་ནས་མི་སེར་གྱི་འཚོ་བ་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་བག་ཕེབས་པ། དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱས་ཡོད་ཅེས་བརྗོད་པ་རེད།