འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་22ཉིན།

༄༅།།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་
ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་བྱ་ཡུལ་དུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་22ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “མེ་ཏོག་དང་ལོ་ཆུང་གིས་མདོ་ལ་རིང་མོ་སྲུང་སྐྱོང་བྱེད”ཅེས་པའི་རང་བྱུང་སློབ་གསོའི་རིམ་སྤེལ་སྐྱེ་ཁམས་ཚན་རིག་རྟོག་ཞིབ་ཀྱི་དབྱར་སྒར་དེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཡུན་རིང་ཚན་ཞིབ་རྟེན་གཞིར་དངོས་སུ་འགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་སློབ་འབྲིང་དང་མདའ་བཞི་རྫོང་མདོ་ལ་རིང་མོའི་སློབ་འབྲིང་ནས་ཡོང་བའི་དགེ་སློབ་50ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
     “ད་ཐེངས་ཀྱི་དབྱར་སྒར་བྱེད་སྒོ་བརྒྱུད་སློབ་མ་ཚོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནས་ཕན་པ་ཐོབ་ཐུབ་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་ནང་གཏིང་ཟབ་ཟུག་པ་བྱས་ཏེ་ཁོ་ཚོས་མདོ་ལ་རིང་མོ་དང་རང་བྱུང་ཁམས་ལ་དགའ་ཞེན་བྱས་ནས་རང་བྱུང་ཁམས་ཀྱི་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་ཁྲོད་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིའུ་ལུའུ་ཆིང་གིས་བཤད།
     “ང་ཚོ་ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་བཅས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཐེམ་ཆེན་རྫོང་སློབ་འབྲིང་གི་སློབ་མ་ཝང་ཙེ་ཧྭ་ཡིས་བཤད། མདའ་བཞི་རྫོང་མདོ་ལ་རིང་མོའི་སློབ་འབྲིང་གི་སློབ་མ་མ་ཤིན་དབྱིས་ཆིང་དབྱང་ལུང་ཤུར་དུ་སྐོར་སྲུང་ཉམས་ལེན་གྱི་བྱེད་སྒོའི་ནང་ཞུགས་སྐབས“མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་སེམས་ཁམས་ལ་སྤྲོ་སྣང་སྦྱིན་ཐུབ། སྐོར་སྲུང་རུ་མིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་ཀྱང་ཁྱེད་ཚོའི་བྱ་སྤྱོད་ཀྱིས་རྐྱེན་པས་རང་བྱུང་ཁམས་ལ་དེ་བས་གཅེས་སྤྲས་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལ་སྔར་བས་དགའ་ཞེན་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
     ད་ཐེངས་ཀྱི“སྐྱེ་ཁམས་ཚན་རིག་རྟོག་ཞིབ་དབྱར་སྒར”གྱི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་གྲོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི“སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན། མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ”ཞེས་པའི་དགོངས་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་སྐྱེ་ཁམས་མ་ལག་གི་ཞབས་ཞུ་དེ་མིའི་རིགས་ཀྱི་བདེ་རྩ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཤེས་དཔལ་གྱི་འདུ་ཤེས་བཙུགས་ཡོད་པ་རེད།