འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་7ཉིན།

༄༅།།རྒྱལ་ཡོངས་ཀྱི་གཏེར་རིའི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ། འདི་ལོ་ཚུན་རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་ལོ་རེར་ཏུན་དུང་ཕྱུར་1.8འཕར་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་07ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གཏེར་རིའི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། གཏེར་རྫས་ཀྱི་རིན་གོང་མཐོ་བ་དང་གཏེར་རྫས་གཙོ་བོའི་ཐོན་འབབ་མང་དུ་འགྲོ་བའི་གནས་ཚུལ་འོག རྒྱལ་ཡོངས་ཀྱི་གཏེར་རིའི་ལས་འཛོལ་བསྡོམས་འབོར་དང་། ལས་འཛོལ་ཅུང་ཆེ་རིགས། ལས་འཛོལ་ཚབས་ཆེན་རིགས་བཅས་དང་མི་སྣ་ཤི་རྨས་བྱུང་ཚད་གཉིས་ཀ་ཆག་ནས་ལོ་5དང་ཟླ་8བསྟུད་མར་ལས་འཛོལ་ཚབས་ཆེན་རིགས་གཅིག་ཀྱང་ཐོན་མེད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གཏེར་རིར་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་190ཐོན་པ་དང་མི་253ཤི་བ་དེ་དུས་མཚུངས་ལས་14%དང་23.6%སོ་སོར་ཆག་ཡོད་པ་རེད།
     དེ་དང་ཆབས་ཅིག་རྡོ་སོལ་བདེ་འཇགས་མཁོ་སྤྲོད་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད། འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་སོགས་ཀྱིས《རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་ཞིབ་བཤེར་གཏན་འབེབས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་གོ་རིམ་ལྡན་པའི་ངང་ཆེ་རུ་བཏང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཞིབ་དཔྱད་བྱས་པ་བརྒྱུད་རྡོ་སོལ་མཁོ་སྤྲོད་འགན་ལེན་བྱེད་ས་207དང་ཐོན་ནུས་ཏུན་དུང་ཕྱུར་3.1མང་དུ་བཏང་བའི་རྨང་གཞིའི་ཐོག་འདི་ལོ་ནས་བཟུང་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱིས་ཞིབ་དཔྱད་ཀྱི་གོ་རིམ་སྔར་བས་ལེགས་སུ་དང་ཞིབ་དཔྱད་བྱེད་ཚད་སྔར་བས་མགྱོགས་སུ་བཏང་སྟེ། སྔོན་ཐོན་ཐོན་ནུས་ཀྱི་རྡོ་སོལ་གཏེར་ཁུལ་147ལ་ཞིབ་དཔྱད་མོས་མཐུན་བྱས་པ་དང་ཐོན་ནུས་ལོ་རེར་ཏུན་དུང་ཕྱུར་1.8མང་དུ་བཏང་ཡོད། ན་ནིང་ཟླ་9པ་ཚུན། ལོ་རེར་ཁྱོན་ཐོན་ནུས་ཏུན་དུང་ཕྱུར་4.9འཕར་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བརྟན་པོ་བྱེད་པར་ལེགས་སྐྱེས་ཕུལ་ཡོད་པ་རེད།