འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་5ཉིན།

༄༅།།རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་གཏམ་བཤད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་05ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཐན་ཁེ་ཧྥེ་ཡིས་རང་རྒྱལ་གྱི་དམག་དོན་ངོ་རྒོལ་བྱ་སྤྱོད་རབ་དང་རིམ་པར་གཏམ་བཤད་གནང་བ། 
ཟླ་8ཚེས་2ཉིན། ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་བསྐྱོད་ནས་ཕྱོགས་མྱུལ་ངན་འབྲེལ་བྱས། བྱེད་ཐབས་དེ་ནི་ཨ་རི་ཕྱོགས་ཀྱིས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དང་རྒྱབ་འགལ་དུ་སོང་བ་དང་། ཀྲུང་གོ་ཕྱོགས་ལ་ཆབ་སྲིད་ཀྱི་འཁྲུག་རྐྱེན་ཚབས་ཆེན་སློང་བ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གཉིས་ཀྱི་འབྲེལ་བར་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་འགལ་རྐྱེན་དང་འཇིགས་སྐུལ་ཆེན་པོ་བཏང་བ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཁོང་ཁྲོ་དང་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད། ཀྲུང་གོའི་དམག་དཔུང་ནི་ཁ་དན་ཚིག་ལ་གནས་པ་ཞིག་ཡིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་ཐའེ་ཝན་གླིང་ཕྲན་ཉེ་འཁོར་གྱི་མཚོ་ཐོག་མཁའ་ཁོངས་སུ་དམག་རིགས་མང་པོ་སྒྲིག་འཛུགས་བྱས་ཏེ། མཚོ་ཐོག་འཕྲལ་རྒོལ་དང་། སྐམ་སའི་རྒོལ་རྡུང་། བར་སྣང་ཁ་ལོ་སྒྱུར་བའི་དམག་འཐབ་བྱེད་པ་སོགས་ཀྱི་སློབ་ཚན་མང་པོ་དམིགས་སའི་རང་བཞིན་གྱིས་འཁྲབ་སྦྱོང་བྱས་ནས། འཕུར་མདའ་མཚོན་ཆ་དངོས་སུ་འཕེན་རྒྱུ་སྒྲིག་འཛུགས་བྱས་པ་དེ་ནི་ཨ་རི་དང་ཐའེ་ཝན་གྱིས་ངན་འབྲེལ་བྱས་པར་ཟིལ་ཤུགས་གནོན་པ་ཞིག་ཡིན་ཞེས་བཤད་པ་རེད། 
     ང་ཚོས་ཨ་རི་ཕྱོགས་དང་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ལ་ནན་གྱིས་བསྒྲགས་རྒྱུར། “ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་བཀག་སྡོམ”བྱེད་པ་དེ་ནི་ངལ་བ་འབྲས་མེད་ཅིག་ཡིན་པ་དང་། “ཕྱི་རྒྱལ་ལ་བརྟེན་ནས་རང་བཀུར་བྱེད་པའི”བྱ་བ་དེར་མདུན་ལམ་མེད། ཨ་རི་དང་ཐའེ་ཝན་གྱིས་ངན་འབྲེལ་བྱས་ནས་འཁྲུག་རྐྱེན་བསླངས་པ་དེ་ཡིས་ཐའེ་ཝན་འདི་ཉིད་གེགས་བར་གྱི་གཡང་གཟར་ལ་སྐྱེལ་སྲིད་པ་དང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡི་བློ་རྩ་བརྟན་པོ་ཡིན་པ་དང་། ཀྲུང་གོ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། དམངས་ཀྱི་འདོད་བློ་དང་འགལ་མི་རུང་། མེ་ལ་རྩེད་ན་རང་ཉིད་འཚིག་པར་འགྱུར། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྣམ་པ་གང་རུང་གི་ཐོག་ནས“ཐའེ་ཝན་རང་བཙན”གྱི་བྱ་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་བར་སྟོང་གང་རུང་གཏན་ནས་འཇོག་རྒྱུ་མིན་ཞེས་བཤད་པ་རེད།