འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་4ཉིན།

༄༅།།“ཐའེ་ཝན་རང་བཙན”པ་དབྱང་ཀྲི་ཡོན་ལ་ཉེས་དོན་བཙན་འགུགས་བྱས་ནས་ཞིབ་བཤེར་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་04ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན། ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཁྲིམས་ལྟར་དུས་ཡུན་རིང་བོའི་ནང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྒོ་སྤེལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དོགས་ཡོད་ཉེས་ཅན་དབྱང་ཀྲི་ཡོན་ལ་ཉེས་དོན་བཙན་འགུགས་བྱས་ནས་ཞིབ་བཤེར་བྱས།
     དབྱང་ཀྲི་ཡོན། ཕོ། 1990ལོའི་ཟླ་1ཚེས་21ཉིན་སྐྱེས། ཐའེ་ཝན་ཞིང་ཆེན་ཐའེ་ཀྲུང་གི་མི་ཡིན། དབྱང་ཀྲི་ཡོན་གྱིས་དུས་ཡུན་རིང་པོའི་ནང“ཐའེ་ཝན་རང་བཙན”གྱི་འདུ་ཤེས་འུད་སྒྲོག་བྱས་ནས། མི་གཞན་དང་མཉམ་དུ“ཐའེ་ཝན་རང་བཙན”གྱི་ཁྲིམས་འགལ་རྩ་འཛུགས“ཐའེ་ཝན་མི་རིགས་ཏང་”བཙུགས་ནས“ཐའེ་ཝན་བདག་དབང་རང་བཙན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུར”སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས། “སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་ནས་རྒྱལ་ཁབ་འཛུགས་རྒྱུར”འུད་སྒྲོག་ཤུགས་ཆེན་བྱེད་པ་དང་།  རང་སྣང་མཐོན་པོས“མགྱོགས་མྱུར་གྱིས་ཐའེ་ཝན་རང་བཙན”བྱེད་པའི་ལམ་ཕྱོགས་སྐུལ་འདེད་བཏང་བ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྒོ་ཇུས་འགོད་དང་ལག་བསྟར་བྱས་པས། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱས་ཉེས་བསགས་པ་དང་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་སྐུལ་བྱས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད།
     ཉེ་བའི་དུས་སྐབས་ཤིག་གི་རིང་། “ཐའེ་ཝན་རང་བཙན”གྱི་ངན་རེངས་པའི་གྲས་ཆེས་ཉུང་ཤས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་། ངོགས་གཉིས་ཁ་གཏད་དུ་ལངས་རྒྱུའི་ངན་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་མངོན་སུམ་འཛེམ་མེད་ངང་འགྲན་འཛུགས་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རྒྱ་འཛེམ་བག་མེད་པར་འགྲན་སློང་བྱེད་པ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཟོས་པ། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་བཅས་རེད། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱི་མཚོན་ཆ་མཐའ་གཅིག་ཏུ་སྤྱད་དེ།“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས“རང་བཙན”ལ་གཞོལ་ནས་གཅིག་གྱུར་བྱེད་པར་ངོ་རྒོལ་དང་། ཞི་བདེར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།