འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་4ཉིན།

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་གསལ་བསྒྲགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་04ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་2ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་དྲག་པོ་བྱས་པ་དང་དྲང་ནན་གྱི་འབྲེལ་གཏུག་བྱས་པར་མ་བལྟོས་པར། ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་གནོད་འཚེ་ཚབས་ཆེན་བཏང་བ། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་བ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་སྐྱོན་ཚབས་ཆེན་བཏང་བ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཨ་རི་ཕྱོགས་ལ་དྲང་ནན་གྱི་འབྲེལ་གཏུག་བྱས་པ་དང་འབྲེལ་རྒོལ་གཏམ་དྲག་པོ་ཡང་བཏང་ཡོད།
     འཛམ་གླིང་ཐོག་ཀྲུང་གོ་གཅིག་ཁོ་ན་ལས་མེད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་སྲིད་གཞུང་འབའ་ཞིག་དེ་ཡིན། 1971ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758ཀྱི་ནང་དེའི་སྐོར་གསལ་པོར་བསྟན་ཡོད། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཚུན་དུ། རྒྱལ་ཁབ་181གིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཀྲུང་གོ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་ཡོད། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་རེད།
     1979ལོར་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དབར་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་སྤྱི་བསྒྲགས་ནང“ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་འབའ་ཞིག་དེ་ཡིན་པ་ཁས་བླངས་ཡོད། ཁྱབ་ཁོངས་དེའི་ནང་ཨ་རིའི་མི་དམངས་ཀྱིས་ཐའེ་དབན་མི་དམངས་དང་རིག་གནས་དང་། ཚོང་དོན། གཞུང་ཕྱོགས་མིན་པ་བཅས་ཀྱི་འབྲེལ་བ་གཞན་དག་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཞེས་ཁས་ལེན་གསལ་པོ་བྱས་ཡོད། ཨ་རི་སྲིད་གཞུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཨ་རིའི་རྒྱལ་ཚོགས་ཀྱིས་ཨ་རི་སྲིད་གཞུང་གི་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ནན་པོ་ཞུས་ཏེ། ཀྲུང་གོའི་ཐའེ་དབན་ས་ཁུལ་དང་གཞུང་ཕྱོགས་ཀྱི་འགྲོ་འོང་གང་ཡང་བྱེད་མི་རུང་། ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་གྱིས་ཀྲུང་གོའི་ཐའེ་དབན་ས་ཁུལ་ལ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ད་བར་དུ་ངོ་རྒོལ་བྱེད་ཀྱི་ཡོད། ཨ་རིའི་སྲིད་འཛིན་སྡེ་ཚན་ལ་བྱེད་སྤྱོད་དེ་རིགས་བཀག་འགོག་བྱ་རྒྱུའི་འགན་འཁྲི་ཡོད། ཨ་རིའི་རྒྱལ་ཚོགས་ཀྱི་འགོ་ཁྲིད་པའི་འགན་འཁུར་བཞིན་པའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་ཀྱིས་རྣམ་པ་གང་རུང་དང་རྒྱུ་མཚན་གང་རུང་གི་ཐོག་ནས་ཐའེ་དབན་དུ་བྱེད་སྒོ་སྤེལ་བར་བསྐྱོད་ཚེ། ཚང་མ་ནི་ཨ་རི་དང་ཐའེ་དབན་དབར་གྱི་གཞུང་ཕྱོགས་འགྲོ་འོང་བྱེད་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་བརྙས་རྐོ་ཟིང་སློང་ཆེན་པོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དང་ལེན་གཏན་ནས་བྱེད་མི་སྲིད་ལ་ཀྲུང་གོ་མི་དམངས་ཀྱིས་ཀྱང་ཁས་གཏན་ནས་ལེན་མི་སྲིད།
     ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེ་ཤོས་དང་། གཙོ་ཆེ་ཤོས། དམིགས་བསལ་ཆེ་ཤོས་བཅས་ཀྱི་གནད་དོན་ཞིག་ཡིན། མིག་སྔར་ཐའེ་དབན་གྱི་དུས་བབ་ལ་རེས་སྐོར་གསར་པའི་ཛ་དྲག་ཅིང་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཐའེ་དབན་གྱི་སྲིད་འཛིན་ལས་ཁུངས་དང་ཨ་རི་ཕྱོགས་ཀྱིས་ད་ཆའི་གནས་ཚུལ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བཏང་བས་རེད། ཐའེ་དབན་སྲིད་འཛིན་ལས་ཁུངས་ཀྱིས“ཨ་རིར་བརྟེན་ནས་ཐའེ་དབན་རང་བཙན་ཡོང་རེ”ཡང་ཡང་བྱེད་པ་དང་། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཁས་གཏན་ནས་མི་ལེན་པ། “ཀྲུང་གོ་ཅན་མེད་པ་བཟོ་བའི”བྱེད་སྤྱོད་ཤུགས་ཆེན་སྤེལ་བ་བཅས་ཀྱི་ཐོག་ནས“རིམ་སྤེལ་རྣམ་པའི་ཐའེ་དབན་རང་བཙན”ཁྱབ་གདལ་གཏོང་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས“ཐའེ་དབན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱ་རྒྱུའི”རེ་ངན་བཅངས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་ཆད་མེད་པར་འཁྱོག་བཤད་དང་། རྫུན་བཟོ། མུག་ཟ་བཅས་བྱས་པ་དང་། ཨ་རི་དང་ཐའེ་དབན་དབར་གྱི་གཞུང་ཕྱོགས་འགྲོ་འོང་ཟབ་ཏུ་བཏང་བ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་རམ་འདེགས་བྱས་པ་བཅས་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་མེ་རྩེད་རྩེ་བ་ཞིག་རེད། མེ་རྩེད་བརྩེས་ཚེ་རང་ཉིད་འཚིག་ངེས་རེད།
     ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཐའེ་དབན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ནི་ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་འགྱུར་མེད་ཀྱི་འདུན་པ་ཡིན། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་ཐུན་མོང་གི་བསམ་འདུན་དང་བླ་ན་མེད་པའི་འགན་འཁྲི་ཡིན། དམངས་ཀྱི་འདོད་པ་དག་ལས་འགལ་མི་རུང་། འཕེལ་ཕྱོགས་ཆེན་པོ་ལས་ཀྱང་ལྡོག་མི་རུང་། རྒྱལ་ཁབ་གང་རུང་དང་། སྟོབས་ཤུགས་ཅི་འདྲ། མི་སུ་འདྲ་བཅས་ཡིན་རུང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་གྱིས་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱས་པར་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ངེས་ཡིན། དེ་ལས་བྱུང་བའི་མཇུག་འབྲས་མཐའ་དག་གི་འགན་ངེས་པར་དུ་ཨ་རི་ཕྱོགས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་འཁུར་དགོས།
     རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིའི་དབར་འབྲེལ་གཤིབ་བྱེད་ལམ་ཡང་དག་ནི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། ཁ་གཏད་དུ་མི་ལངས་པ། མཉམ་ལས་གཉིས་ཁེ་བཅས་ཡིན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོ་རང་གི་ནང་སྲིད་རང་ཡིན་པས་རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མར་ཐའེ་དབན་གྱི་གནད་དོན་སྐོར་གྱི་ཁྲིམས་གཅོད་དཔོན་བྱེད་དབང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ“ཐའེ་དབན་གྱི་དར་རྟགས”འཕྱར་ཏེ“ཐའེ་དབན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི”བྱེད་སྤྱོད་སྤེལ་མཚམས་འཇོག་པ་དང་། ཐའེ་དབན་གྱི་ལས་དོན་དང་འབྲེལ་བའི་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ། རྣམ་པ་གང་རུང་གི་ཐོག་ནས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་རྒྱབ་སྐྱོར་དང་དེ་རྒྱ་ཡན་དུ་གཏོང་མཚམས་འཇོག་པ། ཐའེ་དབན་གྱི་གནད་དོན་ཐད་ཁ་བཤད་ལག་བསྟར་མི་བྱེད་པའི་བྱ་སྤྱོད་སྤེལ་མཚམས་འཇོག་པ། ཀྲུང་གོ་གཅིག་གི་རྩ་དོན་འཁྱོག་བཤད་དང་། རྫུན་བཟོ། མུག་ཟ་བཅས་གཏོང་མཚམས་འཇོག་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་སྲུང་བ། ཨ་རིའི་འགོ་ཁྲིད་པས་བཏོན་པའི“མི་བྱེད་པ་གསུམ་དང་རྐང་བཙུགས་ནས་མིན་པ་གཅིག”གི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་པ་ལས་ནོར་འཁྲུལ་དང་ཉེན་ཁ་ཆེ་བའི་ལམ་བུར་མུ་མཐུད་བསྐྱོད་རྒྱུ་མེད་ཅེས་དྲང་ནན་གྱི་སྒོ་ནས་སྐུལ་འདེབས་བྱེད་རྒྱུ་ཡིན།