འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་4ཉིན།

༄༅།།གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་
པ་ཧུར་ཐག་བརྩམས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་04ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ལིན་དང་ཡོན་ཆོན།
   ཟླ་8ཚེས་2ཉིན། “ཀྲུང་གོའི་ལོ་བཅུ་པོ་འདི·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་རེད།
     བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། ལོ་བཅུ་པོ་འདིའི་རིང་བོད་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་གོང་འཕེལ་གྱི་རྣམ་པ་ཞིག་མངོན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བསྡུས་རིས་ཤིག་རེད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་མཁས་མཛངས་དང་རླབས་ཆེ་གང་ལེགས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་གང་ལེགས་མཚོན་པ། ཀྲུང་གོ་གུང་ཁྲན་ཏང་མེད་ཚེ་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པ་ར་སྤྲོད་གང་ལེགས་བྱས་ཡོད།
     ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བྱུང་བ།
     བོད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཇགས་འགན་ལེན་བཅས་ནུས་ལྡན་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།
     ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་དང་དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོས་པ་དང་། མངོན་ཡོད་དང་ནུས་ལྡན་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་140དང་། དཔེ་བཟང་མི་སྒེར་189 རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་མཉམ་སྡེབ་1794དང་དཔེ་བཟང་མི་སྒེར་2657བཅས་ཐོན་ཡོད།
     ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་སློབ་ཞུགས་གོང་གི་བྱིས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། གཞི་རིམ་རྩ་འཛུགས་བཅས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།
     ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། “ཁྲིད་སྟོན”ཐད་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”དང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། མ་མཐའི་འཚོ་བ་འགན་ལེན། རྒན་གསོ་འགན་བཅོལ། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ། བདེ་ཐང་བརྟག་དཔྱད་བཅས་ཕྱོགས་ཡོངས་ལ་ཁྱབ་པ་དང་། དགོན་སྡེ་90%ཡན་ལ་ལམ་དང་། འཕྲིན་གཏོང་། གློག ཆུ། རླུང་འཕྲིན་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་ནས་རྒྱ་ཆེའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད།
     དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་ཤུགས་ཆེན་ཕྱིན་པ།
     བོད་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་710ནས་ད་ཆའི་སྒོར་དུང་ཕྱུར་2080བར་འཕར་ནས་ལྡབ་1.3འཕར་བ། ལོ་རེར་ཆ་སྙོམས་9.5%འཕར་བ་བཅས་ལས་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
     ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་མགྱོགས་མྱུར་མངོན་པ། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་སྐྱེ་དངོས། མཐའ་མཚམས་ཚོང་དོན་ཟོག་འགྲེམས། མཐོ་གསར་གྲངས་འཛིན་བཅས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་རྟགས་སྐད་གྲགས་ཆོད་པ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
     རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12ལས་བརྒལ་བ་དང་། རླངས་འཁོར་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་1105ཟིན་པ། ལྕགས་ལམ་སྐྱེལ་འདྲེན་གྱི་ལམ་ཐག་སྤྱི་ལེ་1357ཟིན་པ། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་སྐྱོད་པ། ལྷུན་རྩེ་དང་། སྤུ་ཧྲེང་། དིང་རི་བཅས་ཀྱི་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་150བཏོད་དེ་གྲོང་ཁྱེར་62ལ་མཁའ་ལམ་ཤར་གཏོང་ཐུབ་པ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ལྷག་ཙམ་ཟིན་པ། བོད་དབུས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་བོད་ཀྱིས་ཆུ་ཤུགས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གཏོང་ཐབས་བྱས་ཡོད།
     མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18362དང་སྒོར་5698ནས་ད་ཆའི་སྒོར་46503དང་སྒོར་16935བར་མཐོ་རུ་ཕྱིན་པ་དང་ལྡབ་1.5དང་ལྡབ་2ཙམ་སོ་སོར་འཕར་ཡོད།
     བོད་ཀྱིས“དམངས་འཚོའི་འདུ་འགོད་ཆེན་པོ་ཁག་བཅུ”ལག་བསྟར་ཤུགས་ཆེན་བྱས་ནས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཙམ་རྒྱུན་འཁྱོངས་བྱས་པ། སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་སོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་པ། སྤྱི་ཚོགས་འགན་བཅོལ་སྣ་ཚོགས་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་ཡོད་པ་རེད།
    སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་སྐྱེ་ཁམས་ལ་བརྟེན་ནས་དམངས་ཕན་དམངས་ཕྱུག་ཡོང་བར་བྱས་པ།
     བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་རྒྱུར་སྤྱི་འདོམས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་གི་ཚོས་གདན་དང་སྤུས་ཚད་ཀྱི་རྒྱུ་སྤུས་ཡག་པོ་གཟབ་གཏོད་བྱས་ཡོད། མིག་སྔར། བོད་ནི་འཛམ་གླིང་གི་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ། ནགས་ཚལ་དང་། འདམ་ར། རྩྭ་ཐང་། རི་སྐྱེས་སྲོག་ཆགས་བཅས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་བོད་ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཡན་ཟིན་པ། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་ཡོད། “རི་རྩེའི་ལས་འགན”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱིས་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པ་དང་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
     ད་ཆ་བོད་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་4 རྒྱལ་ཁབ་ས་གཤིས་སྤྱི་གླིང་3 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་རའི་སྤྱི་གླིང་22བཅས་ཡོད་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་38.75%བཟུང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ཁྲི་60.8ཟིན་པ། ལྗོངས་ཡོངས་ཀྱི་ས་ཁོངས་50.6%སྲུང་སྐྱོང་ནན་ཤོས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
    སྐྱེ་ཁམས་དམངས་ཕན་རྒྱུན་མཐུད་ནུས་ལྡན་བྱུང་བ། སྐྱེ་ཁམས་དམངས་ཆེད་དང་སྐྱེ་ཁམས་དམངས་ཕྱུག་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་བཙུགས་པ་དང་། 2016ལོ་ནས་བཟུང་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་70ལྷག་ཙམ་མཁོ་འདོན་བྱས་པ་དང་། ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500ལྷག་ཙམ་སྤྲད་པ། མང་ཚོགས་དེ་བས་མང་བར“སྐྱེ་ཁམས་ཀྱི་ཡོང་འབབ”རག་ཡོད་པ་རེད།
     མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་ཡོང་བར་བྱས་པ།
    བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ནས་གསོ་རླུང་མི་འདང་བ་དང་། གྲང་ངར་ཆེ་བ། ཉེན་ཁ་ཆེ་བ་བཅས་ལས་རྣམ་པར་རྒྱལ་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་དེ་རྡོ་རིང་རེ་རེའི་ཐོག་བཀོད་དེ“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”པའི་གསོན་ཉམས་དོད་པའི་ལེའུ་ཞིག་བརྩམས་ཡོད།
     བོད་ཀྱིས་མཐའ་བརྟན་མཐའ་སྲུང་གི་དགོས་གཏུགས་དང་མཐའ་མཚམས་མི་སེར་གྱི་རེ་སྒུག་ཐག་གཅོད་བྱེད་རྒྱུ་དེ་འཇུག་གཞི་དང་ཚད་བརྒལ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་གྲོང་མི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་ཁྲི་1.26བར་མཐོ་རུ་བཏང་ཡོད། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་བརྟན། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ཡོད།
     མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཆུ་མཁོ་འདོན་ཐད་མཐའ་མཚམས་རྫོང་གྲོང་21ལ་སྤྱི་པའི་ཆུ་མཁོ་འདོན་བྱེད་ཚད་84.5%ཟིན་པ་དང་མཐའ་མཚམས་རྫོང་གྲོང་17དུ་བཙོག་ཆུ་གཙང་གསིང་སྒྲིག་ཆས་བསྐྲུན་ནས་བཙོག་ཆུ་གཙང་གསིང་བྱེད་ཚད་80%ཡན་ཟིན་ཡོད་པ་རེད། གློག་མཁོ་འདོན་ཐད་གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་བྱས་པས་མཐའ་མཚམས་མང་ཚོགས་ཚོར་བརྟན་ལ་བདེ་འཇགས་ལྡན་པའི་གློག་སྤྱོད་རྒྱུ་བྱུང་ཡོད། འགྲོ་ལམ་ཐད་མཐའ་མཚམས་ཀྱི་རྫོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་མཐའ་མཚམས་ཀྱི་ཤང་དང་། གྲོང་རྡལ། སྒྲིག་ཚུད་གྲོང་ཚོ་བཅས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད། འཕྲིན་གཏོང་ཐད་སྒྲིག་ཚུད་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁེབས་ཚད་99%ཡན་ཟིན་པ་དང་མི་སེར་ཕྱིར་བསྐྱོད་མི་དགོས་པར་འཛམ་གླིང་དང་འབྲེལ་མཐུད་ཐུབ་ཡོད་པ་རེད།
    “སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མཐའ་མཚམས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མི་རིང་བར་བོད་ཀྱི་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་དེ་བས་མཐོ་རུ་ཕྱིན་ནས་མི་སེར་རྣམས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་ཡིད་ཆེས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུངས་པ་རེད།