འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་ནན་གྱིས་བསྒྲགས་དོན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན་ཕྱི་འབྲེལ་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་ནས་ཀྲའོ་ལི་ཅན་གྱིས་གཙོ་སྐྱོང་བྱས་པ་རེད།
     གསར་འགོད་པས་ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་གཟའ་འཁོར་འདིའི་ནང་སྔོན་དཔག་བྱས་ན་ཨེ་ཤ་ཡ་ཤར་ལྷོ་དང་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་ཏུ་འཚམས་འདྲིར་བསྐྱོད་རྒྱུ་ཡིན་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད། 
     ཀྲའོ་ལི་ཅན་གྱིས། ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཐའེ་ཝན་དུ་བསྐྱོད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་དོ་ཁུར་ཚབས་ཆེན་དང་ལངས་ཕྱོགས་ནན་པོ་གསལ་སྟོན་ཐེངས་མང་བྱས་ཡོད། ཕེ་ལུའོ་ཞི་ཐའེ་ཝན་དུ་བསྐྱོད་ན་མཇུག་འབྲས་ཚབས་ཆེན་ཐོན་རྒྱུ་རེད་ཅེས་ནན་གྱིས་བསྟན་པ་རེད། 
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པའེ་ཏེང་ལ་ཁ་པར་བཏང་སྐབས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཐའེ་ཝན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་ཞིག་ཡིན་པས། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་གི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་ཡིན་ཞེས་ནན་བཤད་གནང་བ་རེད། དམངས་ཀྱི་འདོད་བློ་དང་འགལ་མི་རུང་། མེ་ལ་རྩེད་ན་རང་ཉིད་འཚིག་པར་འགྱུར། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་དྲག་པོ་དང་གསལ་པོ་ཤེས་རྟོགས་གང་ལེགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཐའེ་ཝན་དུ་བསྐྱོད་རྒྱུ་ནི་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ངང་ཐེ་ཇུས་བྱེད་པ་ཞིག་ཡིན་པས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་འཛེམ་བག་མེད་པར་རྡོག་རོལ་དུ་གཏོང་བ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བ། ཀྲུང་ཨའི་འབྲེལ་བར་གཏོར་བཤིག་ཚབས་ཆེན་གཏོང་བ་བཅས་ཀྱི་གནས་ཚུལ་དང་མཇུག་འབྲས་ཧ་ཅང་ཚབས་ཆེན་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།
     ང་ཚོས་ཡང་བསྐྱར་ཨ་རི་ཕྱོགས་ལ་བསྒྲགས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་གྲ་སྒྲིག་བྱས་ནས་བསྡད་དེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་རྒྱ་ཡན་དུ་མི་གཏོང་ལ། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་ཁ་གཏད་མཐའ་གཅིག་ཏུ་གཅོག་པ་དང་ངོ་རྒོལ་བྱེད་པའི་བྱ་ཐབས་ནུས་ལྡན་སྤྱད་དེ་རང་ངོས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་ངེས་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨ་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ནས། ཙུང་ཐུང་པའེ་ཏེང་གིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་མངོན་འགྱུར་ཡོང་བ་བྱེད་པ་ལས་ཕེ་ལུའོ་ཞི་ཐའེ་ཝན་དུ་འཚམས་འདྲི་བྱ་རྒྱུར་བཀོད་སྒྲིག་བྱེད་མི་ཆོག་ཅེས་གསུངས་པ་རེད།