འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།“ཚོགས་ཆེན་ཉི་ཤུ་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ། རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཆེད་དུ་
ང་ཡིས་འབད་ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་སྔ་དྲོ།“ཚོགས་ཆེན་ཉི་ཤུ་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ། རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཆེད་དུ་ང་ཡིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་ལྗོངས་དང་བླངས་ཞབས་ཞུའི་རྣམ་གྲངས་སྐྱོང་སྤེལ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད།
    ཀྲུང་དབྱང་དྲིལ་བསྒྲགས་པུའི《ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི“རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཆེད་དུ་ང་ཡིས་འབད”ཀྱི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། དང་བླངས་ཞབས་ཞུའི་འབོད་སྐུལ་ནུས་པ་དང་སྐུལ་སློང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་རིང་མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་གཅིག་སྒྲིལ། མང་ཚོགས་སྣེ་ཁྲིད་བཅས་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་རོགས་བྱས་པ་རེད། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའི་དང་བླངས་ཞབས་ཞུའི་སྐུལ་སྤེལ་ལྟེ་གནས་དང་། རིག་གནས་དང་ཡུལ་སྐོར་པུའི་སྤྱི་པའི་ཞབས་ཞུ་སི། རྒྱལ་ཁབ་རིག་དངོས་ཅུས་རྟེན་རྫས་བཤམས་མཛོད་སི། སྡེ་ཚོགས་ཀྲུང་དབྱང་ན་གཞོན་དང་བླངས་པའི་བྱ་སྤྱོད་མཛུབ་ཁྲིད་ལྟེ་གནས། ཀྲུང་གོ་ཚན་རིག་མཐུན་ཚོགས་དྲིལ་བསྒྲགས་རིག་གནས་པུའུ། ཀྲུང་དབྱང་རོལ་དབྱངས་སློབ་གླིང་། ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས“ཚོགས་ཆེན་ཉི་ཤུ་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ། རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཆེད་དུ་ང་ཡིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་མཉམ་དུ་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། བརྗོད་དོན་གཙོ་བོའི་བྱེད་སྒོར“ཀྲུང་ཧྭའི་རིག་དངོས་ང་ཡིས་བརྗོད”ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་དང་། “རིག་གནས་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི”གཞོན་ནུ་ལོ་ཆུང་གི་རིག་གནས་དང་བླངས་ཞབས་ཞུའི་བྱ་སྤྱོད། “ཕུགས་འདུན་མངོན་འགྱུར་འདུ་འགོད”ཀྱི་གྲོང་གསེབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་དབྱར་གསེང་གི་དང་བླངས་ཞབས་ཞུའི་བྱ་སྤྱོད། སློབ་ཆེན་སློབ་མའི་ཚན་རྩལ་དང་བླངས་ཞབས་ཞུའི་རྣམ་གྲངས། “དུས་རབས་གསར་པའི་རིག་རྩལ་སྒྲོག་འགྲེལ་པའི”དང་བླངས་ཞབས་ཞུའི་རྣམ་གྲངས། “མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་ཕུགས་འདུན་གཏོད་པའི”དང་བླངས་ཞབས་ཞུའི་རྣམ་གྲངས་བཅས་ཚུད་ཡོད་པ་དང་དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་དང་ཆེད་ལས་ལག་རྩལ་མི་སྣ་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ཁོང་ཚོ་དྲིལ་བསྒྲགས་སྒྲོག་འགྲེལ་དང་། རིག་གནས་རིག་རྩལ། སློབ་གསོ་ཚན་རིག་ཁྱབ་གདལ། འཕྲོད་བསྟེན་བདེ་ཐང་སོགས་དང་བླང་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པར་ཞུགས་སུ་བཅུག་ནས་ལག་ལེན་དངོས་ཀྱི་ཉམས་མྱོང་ཁྲོད་དུས་རབས་ཀྱི་འཕོ་འགྱུར་མྱོང་རོལ་དང་། “གདེང་ཚོད་བཞི”མཐོ་རུ་གཏོང་བ། ཞབས་ཞུ་དང་ལེགས་སྐྱེས་ཁྲོད་མི་ཚེའི་གནས་ཚད་མཐོ་རུ་གཏོང་བ་དང་འགན་འཁྲི་དང་ལས་འགན་སྒྲུབ་སེམས་འཕེལ་བར་བྱེད་པ། དུས་རབས་ཀྱི་མི་གསར་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་དང་དུས་རབས་ཀྱི་རྣམ་པ་གསར་པ་དར་སྤེལ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་གཏོད་མཉམ་སྤྱོད་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཆེད་རེད།
    “མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་ཕུགས་འདུན་གཏོད་པའི”དང་བླངས་ཞབས་ཞུའི་རྣམ་གྲངས་ལག་བསྟར་ཡག་པོ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་དང་བླངས་ཞབས་ཞུ་སྐུལ་སྤེལ་ལྟེ་གནས་དང་ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་། རིག་རྩལ་སློབ་གྲྭའི་མཁས་དབང་། གྲགས་ཅན་ལུས་རྩལ་པ། གཙོ་སྐྱོང་པ་སོགས་གདན་དྲངས་ནས“ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”དང་བླངས་ཞབས་ཞུ་ཚོགས་པ་བཙུགས་པ་དང་། སྡེ་ཚོགས་ཀྲུང་དབྱང་ན་གཞོན་དང་བླངས་པའི་བྱ་སྤྱོད་མཛུབ་ཁྲིད་ལྟེ་གནས་དང་ཀྲུང་གོ་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས“ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”ན་གཞོན་དང་བླངས་ཞབས་ཞུ་རུ་ཁག་50བཙུགས་པ། མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ་དུ་བསྐྱོད་དེ་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུས་པ་དང་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་བསྒྲགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཡོད། ཟླ་7ཚེས་27ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའི་དང་བླངས་ཞབས་ཞུ་སྐུལ་སྤེལ་ལྟེ་གནས་དང་ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་རོལ་དབྱངས་སློབ་གླིང་དུ“ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”དང་བླངས་ཞབས་ཞུ་ཚོགས་པའི་རྒྱང་སྐྱོད་མཛད་སྒོ་འཚོགས་པ་རེད། ཀྲུང་གོ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་ཡུས་ཧྥུང་གིས་ཤིས་ཚིག་གསུངས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སུན་ཀྲེ་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་དར་ཆའང་སྤྲད་གནང་བ་རེད།
    ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་ལྗོངས་དང་བླངས་ཞབས་ཞུའི་རྣམ་གྲངས་སྐྱོང་སྤེལ་རྟེན་གཞིར་ཁྱོན་རྒྱ་ཁྱོན་སྨི་ངོས་གྲུ་3000ལྷག་ཙམ་ཡོད་པས། སྨན་བཅོས་དང་རོལ་དབྱངས་སོགས་ཀྱི་ནུས་པ་ཁང་20ལྷག་ཙམ་འཛུགས་ཆོག་གི་ཡོད་པ་དང་བོད་ལྗོངས་ཡོངས་ཀྱི་རྣམ་གྲངས་སྐྱོང་སྤེལ་དང་བླངས་གསོ་སྦྱོང་སྤུས་རྟགས་གཏོད་པ་སོགས་གཞི་གཅིག་གི་ཕྱོགས་བསྡུས་རང་བཞིན་གྱི་དང་བླངས་ཞབས་ཞུའི་རྟེན་གཞི་དང་པོ་དེ་ཡིན་པ་དང་ཕྱིས་སུ་བོད་རང་སྐྱོང་ལྗོངས་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་ཕྲའི་གཉེར་འགན་འཁུར་བ་དང་འབྲེལ་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
    འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུང་དབྱང་དྲིལ་བསྒྲགས་པུའི་དང་བླངས་ཞབས་ཞུའི་སྐུལ་སྤེལ་ལྟེ་གནས་དང་ ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས“ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”དང་བླངས་ཞབས་ཞུའི་ཚོགས་པས་ས་གནས་འདི་གའི་དང་བླངས་ཞབས་ཞུའི་རུ་ཁག་དང་མཉམ་དུ་ཟླ་7ཚེས་30ཉིན་ནས་ཟླ་8ཚེས་4ཉིན་བར་ལྷ་ས་དང་། གཞིས་རྩེ། ཆབ་མདོ་སོགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས། གྲོང་གསེབ་ཀྱི“བསྐྱར་དར་བྱིས་པའི་ཕོ་བྲང”སོགས་སུ་བསྐྱོད་དེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་རིག་གནས་དང་ལུས་རྩལ་གསོ་སྦྱོང་དང་། རིག་རྩལ་འགྲེམས་སྟོན། འོས་འགན་སྨན་བཅོས་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར”དང་བླངས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་བོད་ཀྱི་ས་གཞི་ཆེན་པོར་དུས་རབས་གསར་པའི་དང་བླངས་པའི་ངོ་མཚར་གཏམ་རྒྱུད་གཏོད་རྒྱུ་ཡིན་པ་རེད།