འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་29ཉིན།

༄༅།།འདི་ལོར་མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་3.6གསར་དུ་ལས་ཞུགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་29ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་3.6གསར་དུ་ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་77.23ལས་ཞུགས་གཞན་སྒྱུར་ཐུབ་ནས་ལས་ཞུགས་ཀྱི་རྣམ་པ་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱུང་ཡོད་པ་རེད།
    འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས་འཕེལ་རྒྱས་དང་ལས་གནས་རྒྱ་སྐྱེད་བྱ་སྤྱོད་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་ལས་གནས་བརྟན་དུ་གཏོང་བའི་བྱ་སྤྱོད་སོགས་བྱ་སྤྱོད་ཁག་9ཡི་བྱེད་ཐབས་ཞིབ་ཕྲ་44ལག་ལེན་བསྟར་ནས། ལས་ཞུགས་ལས་གཏོད་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ལས་མི་སྤྱོད་པའི་ཁེ་ལས་ཀྱི་དགོས་མཁོར་བརྟག་དཔྱད་བྱས་ནས“ཁེ་ལས་རེ་ལ་ཐབས་ཇུས་རེའི”དམིགས་འཛུགས་ཞབས་ཞུ་བརྒྱུད་ལས་མི“གནས་གཏད་གནས”ཀྱི་ཁེ་ལས་ལ་ལས་མི་ཁྲི་1.3གནད་སྨིན་ཐག་གཅོད་བྱས་པ་མ་ཟད། ཁེ་ལས་ལ་རོགས་སྐྱོར་བྱས་ནས་ལས་གནས་བརྟན་པོ་ཡོང་བར་དམིགས་ཏེ་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ“ཕྱིར་སློག་པ་དང་། ནར་འགྱངས། གཅོག་པ། རྒྱ་ཆེར་གཏོང་བ། ཁ་གསབ་སྤྲོད་པ”བཅས་ཀྱི་སྲིད་ཇུས་ཀྱི་ཁེ་སྤོགས་གང་མགྱོགས་སྤྲད་ནས་ལས་གནས་བརྟན་པོ་ཡོང་བའི་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར་2.1ཁེ་ལས་ཀྱི་རྩིས་ཁྲ་12729ལ“འབོར་གྲངས་གནས་ལ་འཁེལ་པོས་སྤྲད་པས”བརྒྱུད་རིམ་ཧྲིལ་པོར“རེ་འདུན་ཞུ་མི་དགོས་པ་དང་། ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ། མགྱོགས་མྱུར་སྤྲོད་པ”བཅས་ཐུབ་ནས་ལས་བཟོའི་ལས་གནས་ཁྲི་36.13བརྟན་པོ་བྱུང་ཡོད།
    གཞན་ཡང་། མཚོ་སྔོན་གྱིས་ད་དུང་ལས་ཞུགས་སྲིད་ཇུས་དང་། ལས་མི་བསྡུ་བའི་ཆ་འཕྲིན། ལས་ཞུགས་ཞབས་ཞུ་བཅས་སྡེ་ཁུལ་དུ་སྤེལ་བ་དང་མངོན་གསལ་དོད་པའི་གཙོ་གནད་ཚོགས་སྤྱིར་ཞབས་འདེགས་ཞུ་བའི“སྤེལ་བ་གསུམ་དང་མངོན་གསལ་དོད་པ་གཅིག”གི་བྱེད་སྟངས་སྤྱད་དེ“དུས་ཆེན་གཉིས་བསུས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་”ལས་ཞུགས་ཞབས་ཞུ་སྡེ་ཁུལ་དུ་ཁྱབ་པར་བྱེད་པའི་ཆེད་དམིགས་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།
    དཔྱིད་གསར་དུས་ཆེན་རིང་། “ཞིང་པ་ལས་མིས་དཔྱིད་གསར་གྱི་དྲོ་སྐྱིད་ཚོར་བར་བྱེད་པའི”ཞབས་ཞུའི་བྱེད་སྒོ་དང“གནས་གཏད་གནས”ཀྱི་ཞབས་ཞུ་འགན་ལེན་བྱས་ཏེ་དུས་ཆེན་གོང་དུ་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པ་དང་དུས་ཆེན་རྗེས་སུ་ལས་འགོ་བསྐྱར་ཚུགས་དང་ལས་གནས་ཐོག་ལོག་པའི་ལས་དོན་ཡག་པོ་བསྒྲུབས་ཡོད། རིམ་རྩིས་བྱས་ན། ཞིང་ཆེན་ཕྱི་ནས་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་ཁྲི་2.4ལ་ཐོ་བཀོད་ནས་རོགས་སྐྱོར་བྱས་པ་དང་ཞིང་པ་ལས་མི་ཁྲི་15ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལས་གནས་ཐོག་ལོག་པ་དང་ལས་འགོ་བསྐྱར་ཚུགས་བྱས་ཡོད། “12+N”གྱི་རིམ་སྤེལ་སྤྱི་པའི་ལས་ཞུགས་ཞབས་ཞུ་དང“ལས་གནས་ངོ་སྤྲོད་ཐད་གཏོང”གི་བྱེད་སྒོ་མུ་མཐུད་སྤེལ་བའི་ཁར། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་དང་ཆ་སྙོམས་ཅན་གྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཤིང་། རིམ་རྩིས་བྱས་ན། མིག་སྔར་རིགས་ཁག་གི་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་358སྤེལ་བ་དང་ཁེ་ལས(ཐེངས)4376སྒྲིག་འཛུགས་བྱས་ནས་ལས་མི་བསྡུས་པ་དང་། ལས་མི་བསྡུ་བའི་ལས་གནས་ཁྲི་14.6མཁོ་འདོན་བྱས་པ། ལས་ཞུགས་(འདོད་མོས)གྲོས་མཐུན་ལ་མི་ཁྲི་1.15ཡིས་མིང་རྟགས་བཀོད་པ་བཅས་རེད།