འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་22ཉིན།

༄༅།།རྒྱ་གར་གྱི་ཙུང་ཐུང་གསར་པ་ཁོ་མོ་རེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་22ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་གར་གྱི་ཙུང་ཐུང་གསར་པ་ཁོ་མོ་རེད་འདུག
  མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། རྒྱ་གར་དམངས་གཙོ་མནའ་འབྲེལ་གྱིས་འདེམས་སྒྲུག་བྱས་པའི་འོས་མི་མུའར་མུའུ་ལ་འདེམས་ཤོག་64%ཐོབ་ནས་རྒྱ་གར་གྱི་ཙུང་ཐུང་སྐབས་15པར་བདམས་ཐོན་བྱུང་། 
ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག རྒྱ་གར་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་རྩིས་རྒྱག་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། མུའར་མུའུ་ལ་འདེམས་ཤོག་མང་ཤོས་ཐོབ་ནས་མདུན་གྲལ་ཟིན་པ་དང་། ཉིན་དེའི་ས་སྲོད་མཚམས་སུ་སླེབས་དུས། འདེམས་ཤོག་རྦད་དེ་རྩིས་མ་ཚར་རུང་མུའར་མུའུ་རྒྱ་གར་གྱི་ཙུང་ཐུང་གསར་པར་འགྱུར་རྒྱུ་གཏན་འཁེལ་ཚར་བ་དང་། དེ་ལྟར་མུའར་མུའུ་ནི་རྒྱ་གར་གྱི་བུད་མེད་ཙུང་ཐུང་ཨང་གཉིས་པར་གྱུར་པ་མ་ཟད། སྐྱེ་ཁུངས་ཚོ་པའི་ས་ཁུལ་ཡིན་པའི་ཙུང་ཐུང་དང་པོའང་རེད། ཐེངས་སྔོན་མར་རྒྱ་གར་དུ་བུད་མེད་ཙུང་ཐུང་བདམས་ཐོན་བྱུང་དུས་ནི་2007ལོའི་ཟླ་7ཚེས་21ཉིན་ཡིན་པ་དང་། སྐབས་དེ་དུས་ལོ་72ལ་སླེབས་པའི་ཕུའུ་ལ་ཏི་པ · ཕ་ཏིའར་ལ་ཙུང་ཐུང་འདེམས་བསྐོ་ཆེ་མོའི་རྒྱལ་ཁ་ཐོབ་ནས་རྒྱ་གར་རང་བཙན་བྱས་ཚུན་གྱི་བུད་མེད་ཙུང་ཐུང་དང་པོར་གྱུར་ཡོད། འཆར་གཞི་ལྟར་ན་མུའར་མུའུ་ཡིས་ཟླ་7ཚེས་25ཉིན་འགན་བཞེས་དམ་བཅའ་འཇོག་རྒྱུ་རེད།  
   ད་ལོ་ལོ་64ལ་སླེབས་པའི་མུའར་མུའུ་ནི་ཨའོ་ཏེ་ཧྲ་མངའ་སྡེ་མོ་ཡིའུའར་ཕེང་ཅེ་རྫོང་གི་གནའ་བོའི་ཚོ་བ་ཆེན་པོ་ཞིག་ཏུ་སྐྱེས་པ་རེད། དགེ་རྒན་བྱས་མྱོང་བ་དང་རྗེས་ནས་བུད་མེད་ཆབ་སྲིད་པ་ཞིག་ཏུ་གྱུར། ཁོ་མོས་ཐོག་མཐའ་བར་གསུམ་དུ་ཚོ་བ་དང་སྡེ་ཁུལ་གྱི་འདྲ་མཉམ་མིན་པའི་བཅའ་ཁྲིམས་རྩ་སློག་བྱེད་པར་གཞོལ་བཞིན་ཡོད། མོའི་ཁྱོ་ག་དང་བུ་གཉིས་ཚེ་ལས་འདས་ཟིན་ཡོད། རྒྱ་གར་ཚགས་པར་གྱི་དཔྱད་གཏམ་ནང་། “ཁོ་མོའི་ཁྱིམ་ཚང་ལ་འགྱུར་ལྡོག་ཐེངས་མང་བྱུང་རུང་། ཁོ་མོ་སྔར་བཞིན་སེམས་ཤུགས་མ་ཉམས་པར་མི་དམངས་ཀྱི་ཆེད་དུ་མུ་མཐུད་ལས་ཀ་བྱེད་ཀྱི་ཡོད། དེས་ཁོ་མོར་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ཤིག་ལྡན་པ་གསལ་བཤད་གང་ལེགས་བྱས་ཡོད”ཅེས་བརྗོད་འདུག 
   རྒྱ་གར་སྨྱན་སྦྱོར་གྱི་གདེང་འཇོག་ལྟར་ན། མུའར་མུའུ་ནི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆབ་སྲིད་མཁས་ཅན་ཞིག་ཡིན་ལ། རིག་གཞུང་ཁྱབ་ཁོངས་སུ་རྒྱབ་ལྗོངས་ཆེན་པོ་ཡོད་པ་བཤད། 
   རྒྱ་གར་གྱི་ཙུང་ཐུང་ནི་རྒྱ་གར་གྱི་རྒྱལ་ཁབ་གཙོ་བདག་ཡིན་ལ། རྒྱ་གར་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པ་མཐོ་ཤོས་ཀྱང་ཡིན་ལ་དབང་ཆ་ངེས་ཅན་ཞིག་ཡོད། འོན་ཀྱང་། རྒྱ་གར་སྲིད་གཞུང་གི་དབང་ཆ་དངོས་སུ་བཟུང་མཁན་ནི་ཙུང་ལི་རེད།