འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་20ཉིན།

༄༅།།སྐུ་གདུང་འདི་ཕྱིར་སློག་དགོས་པའི་ཁྲིམས་བཅད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་20ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྐུ་གདུང་འདི་ཕྱིར་སློག་དགོས་པའི་ཁྲིམས་བཅད།
    མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་7ཚེས་19ཉིན་གྱི་སྔ་དྲོ། ཧྥུའུ་ཅན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་གོང་གཏུག་བྱེད་མཁན་Oscar Vann Overem(སྒྲ་བསྒྱུར། ཨོ་སི་ཁ·ཧྥན་·ཨའོ་ཝོ་ལེ་མུའུ། གཤམ་དུ་“ཨའོ་སི་ཁ”ཞེས་འབོད་རྒྱུ།)གོང་གཏུག་བྱ་ཡུལ་མི་ཧྥུའུ་ཅན་ཞིང་ཆེན་ཏ་ཐེན་རྫོང་ཝུའུ་ཧྲན་ཤང་དབྱང་ཁྲུན་གྲོང་མིའི་ཨུ་ཡོན་ལྷན་ཁང་། ཏ་ཐེན་རྫོང་ཝུའུ་ཧྲན་ཤང་ཏུང་ཕུའུ་གྲོང་མིའི་ཨུ་ཡོན་ལྷན་ཁང་། ཐོག་མའི་ཞིབ་གཅོད་ཀྱི་ཞུ་སྦྱོར་ཕྱི་མ་Design & Consultancy B.V。(སྒྲ་སྒྱུར། ཇུས་འགོད་དང་བློ་འདྲི་མི་སྒེར་ཚད་ཡོད་ཀུང་སི།)Design & Consultancy OscarvananOverem B.V。(སྒྲ་སྒྱུར། ཇུས་འགོད་བློ་འདྲི་ཨོ་སི་ཁ·ཧྥན་·ཨའོ་ཝོ་ལེ་མུའུ་སྒེར་གྱི་ཚད་ཡོད་ཀུང་སི།)དངོས་པོའི་བདག་དབང་སྲུང་སྐྱོང་རྩོད་གཞིའི་འདྲི་གཅོད་གཉིས་པའི་གྱོད་དོན་ཞིག་ལ་ཡོངས་གྲགས་སུ་དཔྱད་མཚམས་ཁྱབ་བསྒྲགས་བྱས་ཤིང་། སན་མིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཨའོ་སི་ཁ་ཡིས་བླ་མ་ཀྲང་ཀུང་གི་སྐུ་གདུང་ཕྱིར་སྤྲོད་དགོས་པའི་དཔྱད་མཚམས་སོར་བཞག་བྱ་རྒྱུའི་དཔྱད་མཚམས་བཅད།
   གྱོད་གཞིར་ཕྱིར་ལྟ། 
བླ་མ་ཀྲང་ཀུང་གི་མིང་ལ་ཀྲང་ཆི་སན་ཟེར་བ་དང་། ཁོང་ནི་སུང་རྒྱལ་རབས་བྱང་མའི་དུས་སུ་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས་གསེར་གྱི་སྐུ་གདུང་བཞེངས་ནས་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཏ་ཐེན་རྫོང་ཝུའུ་ཧྲན་ཤང་དབྱང་ཁྲུན་གྲོང་ཚོ་དང་ཏུང་ཕུའུ་གྲོང་ཚོར་ཐུན་མོང་ཐོག་ཡོད་པའི་ཕུའུ་ཀྲའོ་ལྷ་ཁང་དུ་བཤམས་པ་རེད། དམར་གདུང་དེར་རྐང་ལག་དང་མགོ་ལུས་ཆ་ཚང་ཡོད་སྟབས། ཁོང་ལ་“ཀྲང་ཀུང་དྲུག་ཚང་བླ་མ”ཞེས་ཀྱང་འབོད་ཀྱི་ཡོད།   
   1995ལོའི་ཟླ་12པར“བླ་མ་ཀྲང་ཀུང”གི་དམར་གདུང་ས་གནས་དེ་གའི་གྲོང་མིས་རྐུ་ལ་ཤོར་བ་ཤེས་རྟོགས་བྱུང་ནས། སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་མོད། འོན་ཀྱང་སྐུ་དེ་གར་སོང་ཆ་མེད་དུ་གྱུར་ཡོད། 
2015ལོའི་ཟླ་3པར། ཧང་ག་རིའི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་དམར་གདུང་ཞིག་འགྲེམས་སྟོན་བྱས་པར་དབྱང་ཁྲུན་གྲོང་ཚོ་དང་ཏུང་ཕུའུ་གྲོང་ཚོས་དོ་ཁུར་ཆེན་པོ་བྱས་ཡོད། གྲོང་མིས་སྐུ་གདུང་དེ་ནི“བླ་མ་ཀྲང་ཀུང”གི་དམར་གདུང་ཡིན་པ་ངོས་འཛིན་བྱུང་། ཧྥུའུ་ཅན་ཞིང་ཆེན་རིག་དངོས་སྡེ་ཁག་གིས་ཀྱང་འགྲེམས་སྟོན་བྱས་པའི“དམར་གདུང”དེ་ནི་རྐུ་ལ་ཤོར་བའི་བླ་མ་ཀྲང་ཀུང་ཡིན་པ་དང་། དེའི་བདག་པོ་ཧོ་ལན་གྱི་ཉར་ཚགས་པ་ཨོ་སི་ཁ་ཡིས་དེ་མར་འགྲེམས་སྟོན་ལས་ཕྱིར་བླངས་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། དེའི་རྗེས་ཀྱི་ཕྱིར་སྤྲོད་གྲོས་མོལ་ཁྲོད། ཨའོ་སི་ཁ་ཡིས་གྲོང་མིས་དང་ལེན་བྱེད་ཐབས་བྲལ་བའི་ཆ་རྐྱེན་བཏོན་ཡོད། 
    2015ལོའི་ལོ་མཇུག་དང་2016ལོའི་ཟླ་11པར། དབྱང་ཁྲུན་གྲོང་ཚོ་དང་ཏུང་ཕུའུ་གྲོང་ཚོའི་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་སྔ་རྗེས་སུ་ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་དང་ཧོ་ལན་དུ་བདའ་འདེད་ཚུར་ལེན་གྱི་ཞུ་གཏུག་བརྒྱབ་པ་རེད།