འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་14ཉིན།

༄༅།།《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པར་དུ་བསྐྲུན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་14ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པར་དུ་བསྐྲུན།
    ཉེ་ཆར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བསྒྱུར་བཅོས་འཕེལ་རྒྱས་ཀྱི་མཛོད་བཅུག་རྣམ་གྲངས་དང་། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་གཙོ་གནད་རོགས་སྐྱོར་ལས་གཞི་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཞེས་པ་པོ་ཏི་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཀྱིས་གྲུབ་པ་དེ་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། 
    ཧ་ལམ་ལོ་ངོ་4000སྔོན་གྱི་མདོ་དབུས་མཐོ་སྒང་དུ། གནའ་བོའི་ཞང་ཞུང་རྒྱལ་རབས་གྱིས་འོད་སྟོང་འཕྲོ་བའི་གནའ་བོའི་བོད་ཀྱི་ཤེས་རིག་བསྐྲུན་ཡོད་པས། དེང་གི་བོད་མིའི་གོམས་སྲོལ་དང་འཚོ་བ་སྐྱེལ་སྟངས་གང་མང་ཞིག་དེང་གི་དུས་སུ་བརྒྱུད་ནས་ཡོང་བ་རེད། དེ་ཡང་སངས་རྒྱས་ཆོགས་ལུགས་བོད་དུ་མ་དར་གོང་གི་ལོ་ངོ་སྟོང་ཕྲག་གི་རིང་ཞང་ཞུང་ནས་དར་བའི་བོན་ཆོས་ནི་གངས་ཅན་ལྗོངས་སུ་དར་ནས་བོད་རིགས་མི་དམངས་ཀྱི་དད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
   བོན་གྱི་༼བཀའ་འགྱུར༽ནི་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། རིག་གནས་སོགས་ཀྱི་རྩ་བ་དང་འགོ་ཁུངས་ཡིན་པས། དེ་ནི་བོད་ཀྱི་གནའ་བོའི་ཤེས་རིག་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་གལ་ཆེའི་རྒྱུ་ཆ་ཡིན། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་རྩོམ་སྒྲིག་ལས་ཀ་ནི་2016ལོའི་ཟླ་9པ་ནས་དངོས་སུ་འགོ་བརྩམས་པ་ཡིན་ཞིང་། ལོ་ངོ་དྲུག་ལྷག་གི་རྩོམ་སྒྲིག་མི་སྣ་ཡོངས་ཀྱིས་འབད་བརྩོན་འོག་ལས་གཞི་འདི་ཉིད་དངོས་སུ་ལེགས་འགྲུབ་བྱུང་ཡོད་པ་དང་། དེ་རུ་རྩ་ཆེའི་གནའ་དཔེ་གང་མང་འདུས།
    ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་ཁོངས་སུ་ཆོས་ལུགས་དང་མཚན་ཉིད་རིག་པ། གཏན་ཚིགས་རིག་པ། རྩོམ་རིག སྒྱུ་རྩལ། སྐར་རྩིས། གསོ་རིག བཟོ་སྐྲུན། དམངས་སྲོལ་སོགས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་བྱ་ཇི་སྙེད་ཅིག་འདུས་ཡོད་པ་དང་། འདི་ཉིད་ནི་མ་ལག་ལྡན་པའི་འཚོལ་བསྡུ་དང་སྡུད་སྒྲིག དེ་མིན་གཟབ་ནན་གྱི་ཞིབ་བསྡུར་དང་རྩོམ་སྒྲིག་པར་སྐྲུན་སོགས་བྱས་པར་བརྒྱུད། ལོ་ངོ་སྟོང་ཕྲག་དུ་མའི་བོད་ཀྱི་ཤེས་རིག་མཚོན་པའི་གནའ་དཔེ་དག་དེང་རབས་ཀྱི་པར་འདེབས་ལག་རྩལ་དང་གྲངས་འཛིན་དཔེ་སྐྲུན་གྱི་རྣམ་པས་མངོན་ཡོད་པས། ཕྱི་ཕྱོགས་ཀྱིས་རང་རྒྱལ་གྱི་བོད་ཀྱི་རིག་གནས་འགོ་ཁུངས་དང་འཕེལ་རིམ་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
   དེ་ཡང་ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་ལོ་ངོ་སྟོང་ཕྲག་འགའི་རིང་བརྒྱུད་པའི་བོད་ཀྱི་རིག་གནས་ཀྱི་འགོ་ཁུངས་ནི་༼བཀའ་འགྱུར༽གྱིས་མཚོན་པའི་གནའ་བོའི་བོན་གྱི་རིག་གནས་འདི་ཉིད་ལ་ཐུག་ཡོད་པས། འཛམ་གླིང་ཤར་ནུབ་ཀྱི་གཟུར་གནས་མཁས་པ་ཀུན་གྱིས། བོད་ཀྱི་ངོ་མཚར་བའི་རིག་གནས་ཀྱི་གསང་བ་འབྱེད་པའི་གསེར་གྱི་ལྡེ་མིག་ཅེས་བསྔགས་བརྗོད་གནང་བཞིན་ཡོད་པ་རེད།
    འདི་ཉིད་དཔེ་སྐྲུན་བྱས་པར་བརྒྱུད་མཐོ་དབུས་མཐོ་སྒང་གི་གནའ་བོའི་ཞང་ཞུང་ཤེས་རིག་གི་གསང་བ་འབྱེད་པར་མ་ཟད། གནའ་བོའི་ཀྲུང་གོ་དང་རྒྱ་གར། གནའ་བོའི་པར་ཟིག དེ་མིན་གནའ་བོའི་ཀེ་རི་སིའི་ཤེས་རིག་དང་རིག་གནས་བར་གྱི་ཤུགས་རྐྱེན་དང་འབྲེལ་འདྲིས་ཀྱི་འགོ་ཁུངས་འཚོལ་ཞིབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་བཏོན་པའི་“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་ཡི་བྱེ་བྲག་མཚོན་ཚུལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སྲ་བརྟན་དུ་གཏོང་བར་གལ་ཆེའི་དོན་སྙིང་ལྡན།
༄༅།།《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པར་དུ་བསྐྲུན།