འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་4ཉིན།

༄༅།།ཀན་སུའུ་འབྲུག་ཆུའི་གནས་སྤོས་དུད་ཚང་ལིའུ་ཁྲང་ཧའེ་ཡིས་བརྗོད་དོན། སྡོད་ཁང་གསར་པར་སྤོས་རྗེས་ཆར་པ་
ཉིན་མཚན་བསྟུད་མར་འབབ་ཀྱང་སེམས་ཁྲལ་མི་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་04ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་པོ།
     ལན་ཀྲོའུ་ཁུལ་གསར་དུ་སྤོས་རྗེས། ལིའུ་ཁྲང་ཧའེ་ནང་མི་དང་བཅས་པ་གཞི་ནས་ཆར་པ་བབས་ཀྱང་བློ་བདེའི་ངང་ཉལ་རྒྱུ་བྱུང་ཡོད།
     ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་སྒོ་གཡས་གྲོང་རྡལ་ཀྲོང་མོ་གྲོང་ཚོ་ནི་ལིའུ་ཁྲང་ཧའེ་ཡི་ཕ་ཡུལ་རེད། གྲོང་ཚོ་དེ་གཡང་གཟར་རི་སྐེད་དུ་ཆགས་ཡོད།
     ལིའུ་ཁྲང་ཧའེ་ཡི་དྲན་གསལ་ལ་2008ལོའི་སྔ་རྗེས་སུ་ཕ་ཡུལ་དུ་དེ་སྔོན་ལས་ཆར་པ་མང་བ་བབས་ཤིང་། ཆར་པ་མང་པོ་བབས་པ་དང་སྦྲགས་གྲོང་མི་ཚོས་ཁང་པ་ཁག་གཅིག་རིམ་བཞིན་རི་གཤམ་དུ་ཉིལ་འགྲོ་བ་ཤེས། ལོ་ཞིག་ལ་ཆར་པ་ཟླ་བ་གཅིག་ཙམ་བསྟུད་མར་བབས་ནས་དུད་ཚང་གཅིག་གི་ཁང་པ་རི་དང་མཉམ་དུ་གཡང་གཟར་དུ་ཉིལ་མོད། སྟབས་ལེགས་པ་ཞིག་ལ་ཁང་པའི་ནང་གི་མི་ཚང་མ་གཉིད་ཁུག་མེད་སྟབས་དུས་ཐོག་ཏུ་ཕྱིར་བྲོས་ཐུབ་ཙམ་བྱུང་ཡོད།
     དུས་དེ་ནས་བཟུང་ཆར་པ་འབབ་པ་དེ་ལིའུ་ཁྲང་ཧའེ་ཡི་སེམས་ཁྲལ་དང་ཞེད་སྣང་ཆེ་ཤོས་ལ་གྱུར། ཁོང་ལ་ད་དུང་ཆར་པ་དེ་འདྲ་མུ་མཐུད་འབབ་ཚེ་ནང་མི་ཚང་མ་ཁྲིད་ནས་རྫོང་གྲོང་དུ་ཁང་པ་གླས་ཏེ་སྡོད་རྒྱུའི་བསམ་བློ་འཁོར།
     བློ་ལ་བབས་པའི་ཁང་པ་ཞིག་རྙེད་དཀའ་བ་དང་ཕ་ཡུལ་ནས་བྲལ་འདོད་མེད་པའི་དབང་གིས་ལིའུ་ཁྲང་ཧའེ་ཡི་དེ་སྔའི་འཆར་གཞི་དེའང་ལག་ལེན་དུ་མ་འཁྱོལ་བའི་ཁར། སྡོད་ཁང་རྙིང་པར་ཉམས་བཟོ་ཡང་ཡང་བྱས་ཀྱང་ལོ་ལྟར་ཞིག་སྐྱོན་བྱུང་བས་ཡིད་མུག་པ་རེད།
     2020ལོར། ལིའུ་ཁྲང་ཧའེ་ཡིས་ལོ་མང་བསགས་པའི་དངུལ་ནས་སྒོར་ཁྲི་20ལྷག་ཙམ་བཏང་སྟེ་ཁང་པ་གསར་པ་བརྒྱབ། དངུལ་རྫོགས་རྗེས་ཁོང་ཁྲེང་ཏུར་གླ་པ་རྒྱུག་པར་བསྐྱོད། ཁྲེང་ཏུར་སླེབས་པའི་གཟའ་འཁོར་དང་པོར་ཤང་སྲིད་གཞུང་གི་ལས་བྱེད་པའི་ཁ་པར་འབྱོར་ནས་ཉིན་མཚན་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་ཁང་པ་གསར་པའི་གྱང་ལ་སྲུབས་ཀ་ཆེན་པོ་ཞིག་གས་འདུག་ཅེས་བཤད།
     ལིའུ་ཁྲང་ཧའེ་སེམས་སྡུག་ཆེན་པོ་སྐྱེས། ལས་བྱེད་པས“གནས་སྤོས་སྲིད་ཇུས་ཡོད་པས་ཁྱེད་རང་གནས་སྤོ་འདོད་འདུག་གམ”ཞེས་དྲིས་པར། “སྤོ་གི་ཡིན”ཞེས་ཁོང་གིས་བློ་ཐག་ཆོད་པོས་ལན་བཏབ། ཁང་པ་གསར་པ་བརྒྱབ་པའི་ལིའུ་ཁྲང་ཧའེ་གྲོང་ཚོའི་ནང་གི་གནས་སྤོས་ཀྱི་ཐོ་སྤོ་མཁན་དང་པོར་གྱུར།
     2021ལོའི་ཟླ་8ཚེས་7ཉིན། ལིའུ་ཁྲང་ཧའེ་ནང་མི་ཡོངས་ལན་ཀྲོའུ་ཁུལ་གསར་གྱི་ཉེན་འགོག་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྤོས། རྒྱ་ཁྱོན་སྨི་ངོས་གྲུ་96ཟིན་པའི་དཀར་ཆ་དོད་པའི་སྡོད་ཁང་གསར་པ་དེར་སྲིད་གཞུང་ནས་ཁ་གསབ་སྒོར་ཁྲི་10སྤྲད་པ་དང་རང་ཉིད་ཀྱིས་སྒོར་ཁྲི་4.4ལས་གཏོང་དགོས་མ་བྱུང་བའི་ཁར་སྐྱེད་སྦྱར་དངུལ་བུན་རེ་ཞུའང་བྱེད་ཆོག་གི་ཡོད།
     ཀན་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་ས་ཁོངས་དེ་དག་གི་བཅོས་སྐྱོང་ཐད་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་མོད། འོན་ཀྱང་ས་ཆ་ཁག་གཅིག་ལ་སྔར་བཞིན་ལོ་ལྟར་ཉམས་བཟོ་བྱེད་དགོས་པ་དང་ལོ་ལྟར་ཉེན་ཁ་ཐོན་གྱི་ཡོད་པས། ངེས་པར་དུ་ཉེན་འགོག་གནས་སྤོས་སོགས་བྱེད་ཐབས་ནུས་ལྡན་སྤྱད་ཚེ་གཞི་ནས་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་སེལ་བ་དང་བདེ་འཇགས་ལྡན་ལ་བརྟན་ཞིང་ལྷིང་བའི་འཚོ་སྡོད་དང་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་ཐུབ་ཅེས་བཤད།
     འབྲུག་ཆུ་རྫོང་གི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོས་ཀྱི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ནོར་བུས་མིག་སྔའི་བར་རྫོང་དེ་ཡོངས་སུ་ཁྱོན་དུད་ཚང་1250ཡི་མི་5100ལྷག་ཙམ་ལན་ཀྲོའུ་ཁུལ་གསར་དུ་གནས་སྤོས་ཡོད། དེའི་ནང་མི་2000ལྷག་ཙམ་ཡུལ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པའམ་ཡང་ན་ཕྱིར་གླ་པར་སྐྱོད་ཀྱི་ཡོད་ཅེས་བཤད།
     ཀན་སུའུ་ཞིང་ཆེན་གྱིས་གནོད་འཚེ་ཐོན་མང་བའི་ཁུལ་གྱི་ས་གཤིས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཉེན་འགོག་གནས་སྤོས་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་བྱས་པ་དང་ཆབས་ཅིག ཐོན་ལས་དང་ལས་ཞུགས་ལ་དམ་འཛིན་ཡག་པོ་དང་། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། “གཞིས་ཆགས་ཐུབ་པའི”གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། གནས་སྤོས་རྗེས་སྡོད་གནས་ཀྱི་བདེ་འཇགས་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྔར་བས་སྐུལ་འདེད་བཏང་བ་རེད།