འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་1ཉིན།

༄༅།།དྭངས་གཙང་གི་རྨ་ཆུ་ལྷུང་ལྷུང་དུ་བཞུར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་01ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུས་ཅེ།
     མཚོ་བོད་ས་མཐོའི་ཤར་ངོས་སུ་གནས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྨ་ཆུ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་དང་ཆུ་ཁ་གསབ་བྱེད་ཁུལ་གལ་ཆེན་ཞིག་རེད།
     དབྱར་ཁའི་སྐབས་སུ་རྨ་ཆུ་རྫོང་གི་ཡུལ་ལྗོངས་ཧ་ཅང་མཛེས་ཤིང་། ང་ཚོས་རྒྱང་ལྟ་བྱེད་སྐབས་སྤང་ལྗོངས་སྔོན་པོར་གྱུར་པ་དང་མེ་ཏོག་ཁྲ་ཆིལ་བཞད་པའི་ཁྲོད་དྭངས་ཤིང་གཙང་བའི་རྨ་ཆུ་དལ་གྱིས་བཞུར་ནས་འདྲེན་བྱེད་དབང་པོར་སྟོན་མོ་ཆེན་པོ་ཞིག་བཤམས་པ་དང་གཉིས་སུ་མ་མཆིས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་། སྐབས་ཤིག་རིང་རྨ་ཆུ་རྩྭ་ཐང་ལ་བྱེ་འགྱུར་གྱི་གནད་དོན་མངོན་གསལ་དོད་པོ་ཆགས་ནས་ཆུ་རྩ་གསོ་བའི་ནུས་པ་ཇེ་ཞན་དུ་སོང་ཡོད།
     རྨ་ཆུ་རྫོང་གིས“རྨ་ཆུ་སྲུང་སྐྱོང”བྱ་རྒྱུ་དེ་ཕྱུགས་བཀག་རྩྭ་བསྙལ་དང་རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་བྱེད་རྒྱུ་ནས་འགོ་བརྩམས་ཡོད།
     ཕྱུགས་བཀག་རྩྭ་བསྙལ་བྱེད་རྒྱུ་ནི་རྩྭ་ཐང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བར་སྐུལ་འདེད་དང་རྩྭ་ཐང་གི་རྩྭ་རྩི་ཤིང་གང་མགྱོགས་སླར་གསོ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རྩྭ་རའི་སྐྱེ་ཁམས་ཁ་གསབ་དངུལ་དོན་འཁྱོལ་བྱས་པ་ཕུད། ས་གནས་ཀྱིས་ད་དུང་སྲིད་ཇུས་དྲིལ་བསྒྲགས་དང་ལྟ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ལ་རྩྭ་རའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡོང་བར་བྱ་རྒྱུ་ནི་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་རྨང་གཞི་ཡིན་པའི་མྱོང་ཚོར་མིག་མཐོང་ལག་ཟིན་བྱུང་ཡོད། ད་དུང་ཕྱུགས་རིཌ་བཤས་གཏོང་བ་དང་། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་པ་སོཌ་ཀྱི་བྱ་ཐབས་གང་མགྱོགས་སྤྱད་པ་དེས་ཀྱང་རྩྭ་རའི་ཁུར་པོ་ཡང་དུ་ཕྱིན་ཡོད།
     རྨ་ཆུ་རྫོང་རྩྭ་རའི་ལས་དོན་ས་ཚིགས་ཀྱི་འགོ་འཛིན་དབྱང་མིན་ཕིང་གིས། 2011ལོ་ནས་བཟུང་རྩྭ་རའི་སྐྱེ་ཁམས་ཁ་གསབ་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རྨ་ཆུ་རྫོང་གིས་རྩྭ་རར་གཞིགས་ནས་ཕྱུགས་ཟོག་གཏོང་རྒྱུ་ཚད་བཀག་བཟོས་ཏེ་ལུག་ཁྲི་110ཉུང་དུ་བཏང་བས། 2019ལོར་རྩྭ་ཕྱུགས་དོ་སྙོམས་བྱུང་བ་མ་ཟད། རྫོང་དེ་ཡོངས་སུ་རྩྭ་རའི་སྐྱེ་ཁམས་ཁ་གསབ་དངུལ་སྤྲད་པའི་རང་བྱུང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་1288.02ཟིན་ཡོད་ཅེས་ངོ་སྤྲོད་བྱས།
     “ཕྱུགས་རིགས་ཉུང་དུ་བཏང་རྗེས་རྩྭ་ར་སླར་གསོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་ལ་ཆུའང་འབེལ་དུ་ཕྱིན་སོང”ཞེས་རྨ་ཆུ་རྫོང་དཔལ་བན་ཚང་གྲོང་རྡལ་པོ་ཏི་གྲོང་ཚོའི་ཡུལ་མི་མགོན་པོས་བཤད། མི་རབས་ནས་མི་རབས་བར་གནས་འདིར་འཚོ་བའི་འབྲོག་པའི་ངོས་ནས་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལའང་འགྱུར་ལྡོག་བྱུང་ཞིང་། མགོན་པོའི་ཁྱིམ་ལ་རྩྭ་ར་མུའུ་2000ཡོད་པ་འགན་གཙང་སྤྲད་རྗེས་མཛེས་ལྗོངས་ཁུལ་དུ་གྱུར་ནས་ལོ་ལྔ་བཅུ་ཙམ་ལ་སླེབས་པའི་ཁོང་ལ“ཡུལ་སྐོར་ཡོང་འབབ”བྱུང་ཡོད།
     རྩྭ་ར་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག རྨ་ཆུ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་སྟབས། ད་ལྟ་བྱེ་འགྱུར་གྱི་ས་ཆ་དང་ས་ནག་ཐང་ལ་རྩྭ་འདེབས་པ་སོགས་གཙོ་གནད་ཐོག་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
     ཆུ་ཁའི་བྱེ་འགྱུར་བྱེ་འགོག་སྲུང་བཅད་ཅིག་གི་འགྲམ་ནས་རྨ་ཆུ་རྫོང་ནགས་ལས་ལག་རྩལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་འགོ་འཛིན་མཱ་ཅན་ཡུན་གྱིས། “སྔོན་མ་ས་ཆ་འདི་ནི་མཐོ་ཚད་ལ་སྨི་10ལྷག་ཟིན་པའི་བྱེ་འབུར་ཞིག་རེད། ང་ཚོས་བྱེ་འབུར་བཅོས་ནས་རྩྭ་རྩི་ཤིང་བཏབ་པ་བརྒྱུད། རླུང་འགོག་བྱེ་འཇགས་དང་ཆུ་རྩ་གསོ་ཐུབ་ནས་རྨ་ཆུར་བྱེ་མ་འདྲེ་རྒྱུ་ཉུང་དུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས།
     བསྡོམས་རྩིས་ལ་གཞིགས་ན། 2012ལོ་ནས་2021ལོ་བར། རིམ་རྩིས་བྱས་ན་རྨ་ཆུ་རྫོང་གིས་བྱེ་འགྱུར་རྩྭ་ར་མུའུ་ཁྲི་25.68བཅོས་ནས་བྱེ་འགྱུར་རྩྭ་རའི་ཁེབས་ཁྱོན་དེ་བཅོས་མ་ཐག་པའི་སྐབས་ལས་30%ཡན་ཆུང་དུ་ཕྱིན་ཡོད།
     ལྟ་ཞིབ་ཚད་ལེན་ལས། རྨ་ཆུ་རྫོང་དུ་སྤྱི་ལེ་433ཙམ་བབས་པའི་རྨ་ཆུའི་ཆུ་གཞུང་གི་འབབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་108.1མང་དུ་ཕྱིན་པ་དང་། ཆུ་རྩ་མཁོ་སྤྲོད་བྱེད་ཚད་ཀྱིས་རྨ་ཆུའི་ཆུ་འགོའི་འབབ་ཚད་བསྡོམས་འབོར་གྱི་58.7%ཟིན་པ་མངོན་ཡོད། 2021ལོར་གཞུང་ཚད་བཅད་ངོས་ཀྱི་རྨ་ཆུའི་ཆུའི་སྤུས་ཚད་རིམ་པ་Ⅱཔར་སླེབས་ནས་ཆུའི་སྤུས་ཀ་རབ་ཟིན་གྱི་ཡོད།