འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་1ཉིན།

༄༅།།བོད་ལྗོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་12ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་01ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བོད་ལྗོངས་ཚོང་འཕྲིན་གྱི་གསར་འགོད་པ། ཝང་ཅིང་།
     བོད་ལྗོངས་ཀྱི་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ་དང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ཞིང་། གལ་ཆེའི་སྐྱེ་ཁམས་སྲུང་ཡོལ་སོགས་ཀྱི་ནུས་པ་འཛོམས་པས་རང་རྒྱལ་གྱི་སྐམ་སའི་སྐྱེ་ཁམས་མ་ལག་ཁྲོད་ནུས་པ་གལ་ཆེན་ལྡན་ཡོད། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྩྭ་ཐང་ཞན་འགྱུར་བཀག་འགོག་ནུས་ལྡན་ཐུབ་པ་དང་། རྩྭ་ཐང་དང་། སྔོ་ཁེབས་སླར་གསོ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་བར་སྐུལ་འདེད་ཐུབ་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བརྟག་དཔྱད་ཐེངས་གསུམ་པས་བརྡ་ཁྱབ་བཏང་བར་གཞིགས་ན། བོད་ལྗོངས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་12ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད་པས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་རང་བྱུང་རྩྭ་ཐང་རྒྱ་ཁྱོན་ཁྱབ་ཚུལ་ཆེ་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཤིག་རེད།
     རང་བྱུང་རྩྭ་ཐང་གི་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
     བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་རྩྭ་ཐང་དོ་དམ་ཁྲུའུ་ཡི་འགན་འཁུར་བས་བརྗོད་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱིས་མུའུ་ཁྲི་4561གི་རྩྭ་ར་བསྙལ་བར་ལྕགས་དྲ་བསྐོར་བ་དང་། མི་ཐབས་རྩྭ་འདེབས་མུའུ་ཁྲི་85.95བྱས་པ། ས་ནག་གྲམ་ཐང་མུའུ་ཁྲི་52བཅོས་སྐྱོང་བྱས་པ། དུག་རྩྭ་མུའུ་ཁྲི་46བཅོས་སྐྱོང་བྱས་པ་བཅས་ཀྱི་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་233327དོན་འཁྱོལ་བྱས་པ་རེད། 2019ལོ་དང་2020ལོར་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་64124དོན་འཁྱོལ་བྱས་པ་དང་། 2021ལོ་དང་2022ལོར་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་80675དོན་འཁྱོལ་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱེད་རིང་བོད་ཀྱིས་སྐྱེ་ཁམས་ཉམས་གསོ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས“རི་སྟེང་དུ་ཆུ་འདྲེན་པའི”ཆུ་འདྲེན་ཐབས་སྤྱད་དེ་རྩྭ་ཐང་ལ་ཆུ་དྲངས་པ་མ་ཟད། ཆུ་འདྲེན་ཁུལ་དུ་ཕྱུགས་བཀག་ལུད་རྒྱག་དང་། རྩྭ་གསབ་འདེབས། ཨ་བྲ་དང་གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་བྱེད་ཐབས་ཀྱང་སྤྱད་ནས་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་བས་ཉམས་གསོའི་ཕན་འབྲས་ཆེ་རུ་ཕྱིན་ཡོད།
     “རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་རྒྱལ་ཁབ་ཀྱིས་རེས་སྐོར་གསུམ་པའི་རྩྭ་ཐང་གི་ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པས་ལོ་ལྟར་རེས་སྐོར་གསུམ་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའི་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར་34.2ལོངས་སྤྱོད་ཐུབ་པ་དེ་རེས་སྐོར་གོང་མའི་ལོ་རེའི་ཆ་སྙོམས་མ་དངུལ་དང་བསྡུར་ན་སྒོར་དུང་ཕྱུར་5.38འཕར་བ་དང་དུད་ཚང་ལ་མ་དངུལ་སྒོར་དུང་ཕྱུར་28.7ཐད་ཀར་ཁ་གསབ་བྱས་ཡོད། གྲོང་ཚོ་རིམ་པའི་རྩྭ་ཐང་གི་ལྟ་སྐུལ་པ་ཁྲི་1.51གི་ལོ་རེའི་ཆ་སྙོམས་གླ་ཆ་དེ་2020ལོ་ལས་སྒོར་1600འཕར་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རྩྭ་ཐང་དོ་དམ་ཁྲུའི་འགན་འཁུར་བས་བཤད་པ་རེད།
     མི་ཐབས་རྩྭ་འདེབས་ཀྱི་རྒྱ་ཁྱོན་སྔར་བས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་ཡོང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།
     2010ལོར་བོད་ལྗོངས་ཀྱིས་མི་ཐབས་རྩྭ་འདེབས་རྣམ་གྲངས་ཁྱབ་གདལ་གཏོང་འགོ་བཙུགས་ནས་རྩྭ་ཕྱུགས་ཀྱི་འགལ་བ་ལས་བྱུང་བའི་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་ཀྱི་གནད་དོན་ཞི་ལྷོད་དུ་བཏང་སྟེ། འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་རྩྭ་སའི་ཐོན་ཁུངས་ཀྱི་ཁོར་ཡུག་གནོན་ཤུགས་ཞི་ལྷོད་དུ་བཏང་བས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོབ་ཡོད་པ་རེད།
     མིག་སྔའི་བར། ལྗོངས་ཡོངས་ཀྱི་མི་ཐབས་རྩྭ་འདེབས་ཀྱི་སོར་འཇོག་རྒྱ་ཁྱོན་མུའུ་ཁྲི་157ཟིན་པ་དང་ལོར་རྩྭ་སྐམ་པོ་ཐོན་ཚད་ཏུན་ཁྲི་60ལྷག་ཙམ་ཟིན་ཡོད། ཉེ་བའི་ལོ་ཤས་རིང་ཁྲོམ་རའི་བྱེད་པོ་རིམ་བཞིན་སྟོབས་ཆེར་ཕྱིན་པས་གཟན་རྩྭའི་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། དམངས་ཁྲོད་ཀྱི་མ་རྩ་འགའ་ཞིག་གཟན་རྩྭའི་ཐོན་ལས་ལ་བཏང་བས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
     བོད་ལྗོངས་ཀྱི་འབྲོག་ལས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ནག་ཆུའི་རྩྭ་ཐང་གི་རྒྱ་ཁྱོན་ཆེན་པོ་ཡོད། འོན་ཀྱང་ས་བབ་མཐོ་བ་དང་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན། དེར་བརྟེན་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་རྩྭ་སོན་ནང་འདྲེན་དབྱེ་བཤེར་དང་ཁྱབ་སྤེལ་ལ་འཚམ་པའི་མཐོ་གྲང་འབྲོག་ཁུལ་གྱི་སྤུས་ལེགས་གཟན་རྩྭའི་སྣ་ཁ་དང་། གཟན་རྩྭའི་བསྡོམས་འབོར་མང་དུ་གཏོང་བ། རྩྭ་ཁའི་གནོན་ཤུགས་ཆུང་དུ་གཏོང་བ། ཕྱུགས་འཚོ་མང་དྲགས་པའི་རྩྭ་ཕྱུགས་ཀྱི་འགལ་བ་དང་རྩྭ་ར་ཞན་འགྱུར་གྱི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཡོད།
     ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་ཀྲན་ཀྲང་མཐོ་རིམ་ཕྱུགས་རིགས་དགེ་རྒན་ཆེ་མོ་བ་དམ་ཆོས་ནོར་བུས་ཚོགས་པའི་སྣེ་ཁྲིད་དེ་དུས་ཡུན་རིང་པོར་གཟན་རྩའི་རྩྭ་སོན་ནང་འདྲེན་དབྱེ་བཤེར་གྱི་ལས་དོན་ལ་གཞོལ་བཞིན་ཡོད། ལོ་10ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། ཁོང་ཚོས་ལྗོངས་ཕྱི་ནང་ནས་གཟན་རྩྭ་རིགས་100ལྷག་ཙམ་ནང་འདྲེན་བྱས་ཏེ་ནག་ཆུའི་ས་ཁོངས་མི་འདྲ་བར་འདེབས་ཐུབ་པའི་གཟན་རྩྭ་སྣ་ཁ་19བདེ་བླག་ངང་དབྱེ་བཤེར་ཐུབ་པ་མ་ཟད། 2021ལོར་སྤུས་ལེགས་ཀྱི་ཐོན་མཐོའི་གཟན་རྩྭ་ཡུག་པོའི་རིགས་གཅིག་སྡུད་ཡུག་སྦྲེལ་དུ་མུའུ་ཁྲི་5ལྷག་ཙམ་བཏབ་པ་དང་ཁང་པའི་རྒྱབ་མདུན་དུ་མི་ཐབས་ལ་བརྟེན་ནས་གཟན་རྩྭ་མུའུ་ཁྲི་4.6བཏབ་པ་རེད།
     “ད་ཆ་ནོར་ལུག་ལ་རྩྭ་མང་པོ་བཟའ་རྒྱུ་ཡོད་པ་མ་ཟད། ང་ཚོའི་གྲོང་ཚོ་ཡང་མཛེས་སུ་ཕྱིན་སོང་། འདི་ལོ་ང་ཚོས་རྩྭ་འབུ་སུ་ཧང་དང་ཡུག་པོ་སོགས་མུ་མཐུད་འདེབས་རྩིས་ཡོད”ཅེས་ཉིང་རུ་སྟོད་ཤང་གི་ཤང་ཀྲང་སྐར་མ་བསྟན་དར་གྱིས་བཤད། ལོ་དྲུག་རིང་ཉིང་རུ་སྟོད་ཤང་གིས་མུའུ་ཁྲི་2.3གྱི་མི་ཐབས་རྩྭ་འདེབས་རྟེན་གཞི་བསྐྲུན་ནས་དེ་མཚུངས་ཀྱི་ལུག་གསོ་ཚགས་ལས་རིགས་དང་རྩྭ་རིལ་ཐོན་སྐྱེད་མ་ལག་བསྐྲུན་པས། གྲོང་ཚོར་སྔོ་ལྗང་གོས་ཀྱིས་བཀླུབས་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།