འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་29ཉིན།

༄༅།།བོད་ལྗོངས་ལྷོ་ཁའི་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་དུས་ཐེངས་གཉིས་པའི་གནས་སྤོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་29ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ལྷོ་ཁའི་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་དུས་ཐེངས་གཉིས་པའི་གནས་སྤོའི་ལས་དོན་ཟླ་6ཚེས་25ཉིན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དུད་ཚང་6306གི་མི་26304སྤོ་རྩིས་ཡོད་པ་དང་། ད་ཐེངས་དུད་ཚང་6306གི་མི་13569སྤོ་རྒྱུ་རེད། དེའི་ནང་། བོད་ཀྱི་ཉི་མ་རྫོང་ནས་དུད་ཚང་1368ཀྱི་མི་4105དང་། མཚོ་གཉིས་རྫོང་ནས་དུད་ཚང་2396གི་མི་4442 ཨ་མདོ་རྫོང་ནས་དུད་ཚང་2542ཀྱི་མི་5022བཅས་སྤོ་རྩིས་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནས་སྤོ་གཙོ་བོ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དང་། ཨ་མདོ་རྫོང་། ཉི་མ་རྫོང་བཅས་དང་འབྲེལ་བ་ཡོད་ཅིང་། ཁྱོན་ཤང་དང་གྲོང་རྡལ་12ཀྱི་སྲིད་འཛིན་གྲོང་ཚོ་58ཡོད་པ་དང་། རྫོང་གནས་སྤོའི་བྱེད་པོར་བརྩི་བ་དང་ཤང་ཚན་པར་བྱེད་པའི་བྱ་ཐབས་སྤྱད་དེ། ཟླ་6ཚེས་25ཉིན་ནས་ཟླ་8ཚེས་11ཉིན་བར་ཁག་བགོས་ལག་བསྟར་བྱ་རྒྱུ་དང་། སྐབས་དེ་དུས་དེ་གར་དངོས་སུ་འབྱོར་བའི་མི་17555འབྱོར་རྒྱུ་ཡིན་པ་དང་། དེའི་ནང་མང་ཚོགས་13569དང་ལས་དོན་མི་སྣ་3986ཡོད་པ་རེད། འབྲོག་ཁུལ་དུ་ལས་བྲེལ་ཆེ་བའི་ནམ་དུས་ཤར་བར་བརྟེན། གནས་སྤོས་མང་ཚོགས་ཁག་གཅིག་མུ་མཐུད་གཞིས་སྲུང་འབྲོག་ལས་ཐོན་སྐྱེད་བྱ་རྒྱུ་ཡིན་པ་རེད།
    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཀྱང་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་དང་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། སྡོད་ཁང་དང་། ཆུ་མཁོ་འདོན། གློག་ཤར་གཏོང་། འགྲིམ་འགྲུལ་བཅས་ཀྱི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། སློབ་གྲྭ་དང་སྨན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་འབྲེལ། འཕྲལ་སྡོམ་དང་། རྒྱབ་ཕྱོགས་མཁོ་སྒྲུབ། སྨན་བཅོས་སོགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་གནས་སྤོ་བའི་ཉིན་དེར་དགའ་བསུ་ཞུ་བའི་འཁྲབ་སྟོན་བྱས་ཏེ་གནས་སྤོའི་ལས་དོན་ལ་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ཡིན་པ་རེད།