འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་28ཉིན།

༄༅།།ཚེ་དབང་བསོད་ནམས་ལ་དུས་བཙོན་ལོ་3དང་ཟླ་3བཅད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་28ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་6ཚེས་23ཉིན། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ཐོག་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་ཚེ་དབང་བསོད་ནམས་ཀྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྱབ་བསྒྲགས་བྱས་དོན། ལྐོག་རྔན་ལེན་པའི་ཉེས་པ་བསགས་པའི་ཞུ་སྦྱོར་ཕྱི་མ་བ་ཚེ་དབང་བསོད་ནམས་ལ་དུས་བཙོན་ལོ་གསུམ་དང་ཟླ་གསུམ་གྱི་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་བཅད་པ་དང་། ཕྱིར་སློག་བྱས་པའི་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་130དང་སྐྱེད་འཕེལ་བྱུང་རིགས་ཁྲིམས་ལྟར་གཞུང་བཞེས་བཏང་ནས་རྒྱལ་མཛོད་ལ་སྤྲོད་དགོས།
   འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཚེ་དབང་བསོད་ནམས་ཀྱིས་གོ་གནས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་འོས་སྐུལ་ལས་ཚབ་རྣམ་གྲངས་དང་ལས་གྲྭ་འགན་གཙང་ལེན་སོགས་ཐད་དུ་ལི་ཆེ་གེ་མོ་དང་། ལིའུ་ཆེ་གེ་མོ། ཡའོ་ཆེ་གེ་མོ་སོགས་ལ་རོགས་རམ་བྱས་པ་དང་། སྔ་རྗེས་སུ་གོང་གསལ་མི་སྣས་སྤྲད་པའི་དངུལ་སྨར་ཁྱོན་སྒོར་ཁྲི་133དང་ལེན་བྱས་ཡོད། 
   ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཚེ་དབང་བསོད་ནམས་ནི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་གོ་གནས་ཀྱི་མཐུན་རྐྱེན་ལ་བརྟེན་ནས། མི་གཞན་ལ་འོས་སྐུལ་ལས་ཚབ་རྣམ་གྲངས་དང་ལས་གྲྭ་འགན་གཙང་ལེན་ཐད་རོགས་རམ་བྱས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་ཐེངས་མང་བླངས་པ་དེ་ཁྱོན་སྒོར་ཁྲི་133ཟིན་ཞིང་། གྲངས་འབོར་ཧ་ཅང་ཆེ་བས་ལྐོག་རྔན་ལེན་པའི་ཉེས་པ་གྲུབ་ཡོད། གཞུང་གཏུག་ལས་ཁུངས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་པའི་ཉེས་བསགས་དོན་དངོས་གསལ་པོ་ཡིན་པ་དང་། དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་བ། ཉེས་མིང་གྲུབ་ཅིང་། ཞུ་གཏུག་བྱས་པར་རྒྱབ་སྐྱོར་ཡོད། གྱོད་ཐོ་བཀོད་རྗེས་ཉེས་བསགས་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་མ་ཟད། མ་ཤེས་པའི་བྱས་ཉེས་རིགས་རང་འགུལ་ངང་ངོས་ལེན་ཞུས་པས། ཆད་པ་ཡང་མོ་བཅད་ཆོག དེས་ཉེས་ཆད་ངོས་ལེན་བྱས་པ་དང་མིང་རྟགས་བཀོད་པས། ཁྲིམས་ལྟར་གུ་ཡངས་བཏང་ཆོག
    ཁོའི་ནང་མིས་2022ལོའི་ཟླ་2པ་དང་ཟླ་3པར། རང་འགུལ་ངང་གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་ཚང་མ་ཕྱིར་བསློགས་པ་མ་ཟད། དངུལ་ཆད་སྒོར་ཁྲི་20ཚབ་སྐྱེལ་བྱས་པར་འགྱོད་བཤགས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཡོད་པས་གནས་ཚུལ་ལ་གཞིགས་ནས་ཉེས་ཆད་ཡང་དུ་གཏོང་ཆོག གཞུང་གཏུག་ལས་ཁུངས་ཀྱིས་གོང་གསལ་གྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་ཚེ་དབང་བསོད་ནམས་ལ་དུས་བཙོན་ལོ་གསུམ་དང་ཟླ་གསུམ་གྱི་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་སྒོར་ཁྲི་ཉི་ཤུ་བཏང་བ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན། ཁྲིམས་རས་ངོ་ཐུག་ར་སྤྲོད་བྱས་པ་བརྒྱུད། གཞུང་གཏུག་ལས་ཁུངས་ཀྱིས་ཉེས་པ་ངོས་ལེན་དང་ཆད་གཅོད་ངོས་ལེན་གྱི་འགན་ལེན་ཡི་གེ་འབྲི་བ་བྱས་པའི་ཐོག་ནས་ཚེ་དབང་བསོད་ནམས་ལ་དངུལ་ཆད་སྔོན་ལ་སྤྲད་དུ་བཅུག་ཅིང་རང་ཉེས་འགྱོད་བཤགས་ཀྱི་རྣམ་འགྱུར་དུ་བརྩིས་པ་མ་ཟད། ཉེས་ཆད་ཡང་དུ་གཏོང་བའི་གྲོས་འགོའང་བཏོན་པའི་དབང་གིས། དག་འབུད་བྱེད་མཁན་གྱིས་ཡང་བསྐྱར་ཉེས་ཆད་ཇེ་ཡང་དུ་གཏོང་རོགས་ཞུས་པའི་བསམ་འཆར་དང་ལེན་བྱས་མེད། 
   གྱོད་དོན་འདིའི་དོན་དངོས་དང་། གནས་ཚུལ། ངོ་བོ། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་ཆེ་ཆུང་བཅས་ལ་གཞིགས་ནས་བཅའ་ཁྲིམས་ལྟར་གོང་གསལ་དཔྱད་མཚམས་བཏང་།