འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་27ཉིན།

༄༅།།འབོ་གསེར་མཉམ་ལས་བྱས་ནས་པར་ཙིར་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་བཤངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་27ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    པར་ཙིར་བྱང་རྒྱུད་ཀྱི་པར་ཙིར་གྲོང་ཁྱེར་གསར་པར་སྣུམ་ནག་གཞུང་ལམ་དང་ས་འོག་ཆུ་འགྲོའི་སྒྲིག་བཀོད་མང་པོ་ཞིག་འདི་ལོ་གཅིག་རྗེས་གཉིས་མཐུད་ངང་ལས་མཇུག་འགྲིལ་ནས་འཚོ་བའི་སྤུས་ཚད་དངོས་དངོས་རྗེན་རྗེན་གྱིས་ལེགས་སུ་ཕྱིན་པ་གྲོང་མིས་ཚོས་ཚོར་ཡོད། པར་ཙིར་གྲོང་ཁྱེར་གསར་པ་མཚོན་བྱེད་དུ་བྱས་པའི་པར་ཙིར་བྱང་རྒྱུད་ཀྱི་ཕཱ་ལ་ཀྲོའུ་ཡིས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་དངུལ་བུན་ལ་བརྟེན་ནས་གྲོང་ཁྱེར་གྱི་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་དེ་གའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་གཤང་བཞིན་ཡོད།
    2018ལོའི་ཟླ་3པར་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པས་ཕཱ་ལ་ཀྲོའུ་སྲིད་གཞུང་ལ་གྲོང་ཁྱེར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་པའི་དངུལ་བུན་ཨ་སྒོར་ཁྲི་5000གཡར་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད། 2021ལོའི་ཟླ་3པར་གསར་སྤེལ་དངུལ་ཁང་གསར་པས་ཀྲོའུ་དེའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་1.53གཏོང་རྒྱུའི་ཆོག་མཆན་སྤྲད་པ་དང་ཀྲོའུ་དེའི་ས་ཁུལ་ལྔར་སྤྱིའི་རིང་ཚད་སྤྱི་ལེ་475ཟིན་པའི་གཞུང་ལམ་བསྐྲུན་ནས་ཟོག་འགྲེམས་སྐྱེལ་འདྲེན་གྱི་དུས་ཚོད་དང་མ་གནས་དམའ་རུ་བཏང་ཡོད་ལ་གྲོང་ཁྱེར་དབར་གྱི་འབྲེལ་བ་ཡང་ཆེ་རུ་བཏང་ཡོད།
    ཕཱ་ལ་ཀྲོའུ་ཡི་གྲོང་ཁྱེར་གསར་སྤེལ་དང་སྤྱི་པའི་འཛུགས་སྐྲུན་པུའི་དཔྱད་གཞི་ལས་མངོན་པར་གཞིགས་ན། རྣམ་གྲངས་དེ་ཕཱ་ལ་ཀྲོའུ་ཡི་ཡ་མ་ཤུན་བརྒལ་བའི་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར་དགུའི་གྲོང་མི་ཁྲི་34ཙམ་དང་འབྲེལ་བ་ཡོད་པ་དང་། དེའི་དམིགས་ཡུལ་ནི་འཕྲོད་བསྟེན་དང་། འགྲོ་ལམ། འཕྲིན་གཏོང་བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད་ས་ཁུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད།
    པར་ཙིར་གྲོང་ཁྱེར་གསར་པ་ནི་རྫོང་དང་གྲོང་ཁྱེར་དགུའི་གྲས་ཤིག་ཡིན་པ་དང་། སྣུམ་ནག་གཞུང་ལམ་འདིང་བ་དང་ས་འོག་ཆུ་འགྲོ་བསྐྲུན་རྒྱུ་ནི་གྲོང་ཁྱེར་དེའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་ནང་དོན་གཙོ་བོ་ཞིག་རེད། གཞུང་ལམ་འཛུགས་སྐྲུན་གྱི་རིང་ཚད་ལ་སྤྱི་ལེ་17ཙམ་ཡོད་པའི་ནང་སྤྱི་ལེ་11ལྷག་ཙམ་ལེགས་སྒྲུབ་ཟིན་ནས་འདི་ལོའི་ཟླ་8པར་ཚང་མ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
     ཕེ་ཏེ་ལེ·ལའེ་ཨའོ·ཧྲི་ནའེ་ཏེ་སློབ་གྲྭ་ནི་པར་ཙིར་གྲོང་ཁྱེར་གསར་པའི་དབུས་སུ་ཡོད།“ང་ཚོས་སྣུམ་ནག་གཞུང་ལམ་ལ་ཡུན་རིང་རེ་སྒུག་བྱས་པ་ཡིན། སྡེ་ཁུལ་དེ་རྙིང་པ་རྙིང་རྐྱང་ཡིན། བྱེ་སའི་ལམ་དེར་དགུན་ཁར་འདམ་རྫབ་ཆེ་བ་དང་ད་དུང་དགེ་རྒན་དང་སློབ་མ་ཚོ་སློབ་གྲྭར་སྐྱོད་སྐབས་ལམ་དེ་ངེས་པར་དུ་བརྒྱུད་དགོས་པས་སློབ་ཁང་གི་ས་ངོས་དང་གྱང་ངོས་ཚང་མ་འདམ་གྱིས་ཁེངས་ཀྱི་ཡོད། དབྱར་ཁ་ཡང་ཚང་མ་ཐལ་རྡུལ་རེད། སྣུམ་ནག་ལམ་ཡོད་པས་ཕྲུ་གུ་ཚོ་ཡང་སློབ་གྲྭར་འགྲོ་འདོད་ཆེན་པོ་བྱེད་ཀྱི་འདུག”ཅེས་སློབ་སྤྱི་མ་ལེ་ཐེ·ལུའོ་ཏེ་ལི་ཀེ་སིས་བཤད།
    ཕཱ་ལ་ཀྲོའུ་ཡི་ཀྲོའུ་ཀྲང་ཨེར་ཏེ·པར་པཱ་ལུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཡ་མ་ཤུན་བརྒལ་བའི་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་ས་ཁུལ་ནི་ཕཱ་ལ་ཀྲོའུ་དང་ཐ་ན་པར་ཙིར་ཧྲིལ་པོའི་ཤིང་འབྲས་ཁོ་ཁོ་ཐོན་ཁུལ་གལ་ཆེན་ཡིན་པས་ཕཱ་ལ་ཀྲོའུ་དང་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་འཐབ་ཇུས་མཉམ་ལས་ཀྱིས་རྒྱལ་སྤྱིའི་མ་འཇོག་འགུག་པ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
    པར་ཙིར་གྲོང་ཁྱེར་གསར་པའི་ཧྲི་ཀྲང་ཝུའེ་ཏེ·མ་ཁེ་སིས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཞུགས་པའི་ལམ་སྲོལ་ནི་པར་ཙིར་གྱི་ཐབས་ཇུས་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་དེས་གྲོང་ཁྱེར་ལ་དངོས་འབྲེལ་གནད་ལ་འཁེལ་བའི་ཕན་པ་བསྐྲུན་ཡོད། “ང་ཚོས་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པས་མུ་མཐུད་དེར་མ་འཇོག་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།