འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་25ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་25ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། དཔལ་འབྱོར་དང་སྤྱི་ཚོགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཁ་ཕྱོགས་དང་རང་འགུལ་ངང་བསྟུན་པ་དང་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་ཁེ་སྤོགས་གང་ལེགས་བཏོན་ནས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་པའི་བཀོད་སྒྲིག་བྱས་པ་རེད།
     《མཛུབ་ཁྲིད་བསམ་འཆར》ནང་དུས་མཚམས་གཉིས་ཀྱི་ལས་ཀའི་དམིགས་ཚད་བཏོན་ཡོད་པ་སྟེ། 2025ལོར་སླེབས་སྐབས། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་དང་འཚམ་པའི་གྲངས་འཛིན་སྲིད་གཞུང་གི་རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་འགན་སྒྲུབ་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། སྲིད་གཞུང་གི་ཐབས་ཇུས་ཚན་རིག་དང་མཐུན་པ་དང་། སྤྱི་ཚོགས་བཅོས་སྐྱོང་གནད་སྨིན་ཅན། སྤྱི་པའི་ཞབས་འདེགས་ཕན་འབྲས་ཅན་བཅས་ཀྱི་ཐད་འཕེལ་རྒྱས་གལ་ཆེན་ཡོང་བར་བྱེད་པ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་ཞབས་འདེགས་རྣམ་པའི་སྲིད་གཞུང་འཛུགས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་རྒྱུ་རེད། 2035ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་འཚམ་པའི་གྲངས་འཛིན་སྲིད་གཞུང་མ་ལག་གི་སྒྲོམ་གཞི་དེ་བས་གནད་སྨིན་འཐུས་ཚང་དང་ཁྱོན་ཡོངས་མཐུན་སྦྱོར་དང་། མྱུར་ལ་ཕན་འབྲས་ཆེ་བ། རིག་ནུས་གནད་སྨིན། སྒོ་དབྱེ་ཁ་གསལ། དྲང་གཞག་ཀུན་ཕན་བཅས་ཀྱི་གྲངས་འཛིན་སྲིད་གཞུང་གཞི་རྩའི་ཆ་ནས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་རྒྱུ་རེད།