འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཁྱིམ་མཚེས་རྒྱལ་ཁབ་ཀྱི་གཏན་འབེབས་འདིར་ཀྲུང་གོས་བསྔགས་བརྗོད་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བལ་ཡུལ་གྱི་རྒྱལ་སྲིད་ལས་ཁུངས་ཀྱི་ཚོགས་འདུའི་ཐོག་ཨ་རི་དང“ས་ཁུལ་རོགས་ཟླའི་འབྲེལ་བའི་འཆར་གཞི”(SPP)ཐད་ཀྱི་མཉམ་ལས་སྤེལ་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད། དཔྱད་གཏམ་ནང་SPPམཉམ་ལས་དེ་ངོ་བོའི་ཐོག་ནས་བཤད་ན་དམག་དོན་མནའ་འབྲེལ་གྱི་བྱ་སྤྱོད་ཅིག་ཡིན་པས་བལ་ཡུལ་གྱི་ད་ཡོད་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་ཡོད་པའི་ངོས་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     ཝང་ཝུན་པིན་གྱིས་དེའི་ཐད་བཤད་དོན། ཉེ་དུས་བལ་ཡུལ་དང་ཨ་རིའི་བར་གྱི“ས་ཁུལ་རོགས་ཟླའི་འབྲེལ་བའི་འཆར་གཞི”(SPP)ཐད་ལ་བལ་ཡུལ་རྒྱལ་ནང་དུ་རྩོད་གཞི་ཆེན་པོ་ཐོན་པར་ང་ཚོས་དོ་སྣང་བྱུང་། བལ་ཡུལ་གྱི་ཏང་ཁག་དང་ཤོག་ཁག་དང་། སྲིད་གཞུང་གི་དམག་དཔུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས“ས་ཁུལ་རོགས་ཟླའི་འབྲེལ་བའི་འཆར་གཞིར”དམག་དོན་བདེ་འཇགས་ཀྱི་ངོ་བོ་མངོན་གསལ་དོད་པོ་ལྡན་པ་དང་། “ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས”དང་འབྲེལ་བ་དམ་ཟབ་ཡོད་ཅིང་། “ས་ཁུལ་རོགས་ཟླའི་འབྲེལ་བའི་འཆར་གཞིར”ཞུགས་རྒྱུ་དེ་ནི་བལ་ཡུལ་གྱིས་དུས་ཡུན་རིང་པོའི་ནང་ལག་ལེན་བསྟར་བའི་མནའ་འབྲེལ་མི་བྱེད་པ་དང་ཕྱི་འབྲེལ་དོ་སྙོམས་ཡོང་བའི་སྲིད་ཇུས་དང་མཐུན་མེད་པའི་ངོས་འཛིན་བྱས་པ་རེད། བལ་ཡུལ་གྱི་རྒྱལ་སྲིད་ལས་ཁུངས་ནང་མའི་ཚོགས་འདུའི་ཐོག“ས་ཁུལ་རོགས་ཟླའི་འབྲེལ་བའི་འཆར་གཞིར”སྐུལ་འདེད་མི་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།
     ཝང་ཝུན་པིན་གྱིས་བཤད་དོན། བལ་ཡུལ་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་བལ་ཡུལ་སྲིད་གཞུང་གི་གཏན་འབེབས་འདིར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་ནང་ལྟར་བལ་ཡུལ་གྱིས་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། བལ་ཡུལ་གྱིས་རང་བཙན་རང་བདག་དང་མནའ་འབྲེལ་མི་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་བརྟན་སྲུང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། བལ་ཡུལ་ཕྱོགས་དང་མཉམ་དུ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་མཉམ་དུ་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།