འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཕྱི་འབྲེལ་པུས་བྱང་ཆིངས་རྩ་འཛུགས་ལ་འདི་ལྟར་བཤད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པས་བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་6ཚེས་29ཉིན་ནས་ཟླ་6ཚེས་30ཉིན་བར་དབུ་ཚོགས་འཚོག་རྒྱུ་ཡིན་པས་མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཝང་ཝུན་པིན་གྱིས་ཐོག་མར་བསྟན་དོན། བྱང་ཆིངས་ནི་འཇམ་འཐབ་ཀྱི་ཐོན་དངོས་དང་ཨ་རིས་གཙོ་ཁྲིད་བྱེད་པའི་གོ་ལ་ཧྲིལ་པོའི་དམག་དོན་མནའ་འབྲེལ་ཆེ་ཤོས་ཤིག་དང་། ཨ་རིས་བཙན་དབང་ལ་སྲུང་སྐྱོང་དང་ཡོ་རོབ་ཀྱི་བདེ་འཇགས་ཆགས་སྟངས་ལ་ཁ་ལོ་སྒྱུར་བའི་ལག་ཆ་ཞིག་ཡིན་པས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རྦད་དེ་རྒྱབ་འགལ་བྱས་ཡོད།
     ཝང་ཝུན་པིན་གྱིས་བཤད་དོན། བྱང་ཆིངས་རྩ་འཛུགས་ཀྱིས་རང་ཉིད་ནི་འགོག་སྲུང་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན་ཞེས་བཤད་ཀྱང་། རང་སྣང་གང་ཤར་གྱིས་བདག་དབང་རྒྱལ་ཁབ་ལ་དམག་འཁྲུག་བརྒྱབ་ནས་མི་སེར་མང་པོ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་སྟོང་མང་པོ་ཡུལ་གྱར་དུ་སོང་ཡོད། བྱང་ཆིངས་རྩ་འཛུགས་ནི་ནུབ་རྒྱ་མཚོ་ཆེན་མོའི་བྱང་རྒྱུད་ཀྱི་དམག་དོན་རྩ་འཛུགས་ཤིག་ཡིན་མོད། ཉེ་བའི་ལོ་ཤས་རིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཡོང་ནས་རྫིག་ཉམས་ཆེ་མདོག་དང་། ཡོ་རོབ་ཚོགས་པའི་ཁ་གཏད་ཀྱི་ཐབས་ལམ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་དུ་འདྲ་བཟོ་བྱ་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད། བྱེད་སྟངས་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་ཡིན་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོགས་ཟོན་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན།
     ཝང་ཝུན་པིན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པས། མུ་མཐུད་དུ་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་ཡིན། ང་ཚོས་བྱང་ཆིངས་རྩ་འཛུགས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་དབྱེ་མཚམས་ལ་བརྟེན་ནས་འགྲན་སློང་དོན་གཉེར་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོར་དམིགས་པའི་ཆ་འཕྲིན་རྫུན་མ་དང་འགྲན་སློང་གི་གཏམ་གླེང་སྤེལ་མཚམས་འཇོག་དགོས་པ། འཇམ་འཐབ་གསར་པ་ཞིག་གི་མགོ་སློང་རྩིས་བྱེད་མི་རུང་ཞེས་སྐུལ་འདེབས་བྱ་རྒྱུ་ཡིན།
     མཇུག་ཏུ་ཝང་ཝུན་པིན་གྱིས། བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་ཟང་ཟིང་བཟོས་ཟིན་པས། ད་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དུ་ཟང་ཟིང་མ་བཟོ་ཞིག  འཛམ་གླིང་ལ་ཟང་ཟིང་མ་བཟོ་ཞིག་ཅེས་བཤད་པ་རེད།