འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།ཡོ་རོབ་མནའ་འབྲེལ་གྱིས་རྒྱལ་ཁབ་འདི་གཉིས་ལ་ཆོག་མཆན་སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་23ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་འགོར་མོས་མཐུན་བྱས་ནས། ཡུག་རེན་དང་མོར་ཏུའོ་ཝ་ལ་ཡོ་རོབ་མནའ་འབྲེལ་གྱི་འོས་མིའི་ཁོངས་མིའི་རྒྱལ་ཁབ་ཀྱི་གོ་གནས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
     དུས་ཡུན་ཉིན་གཉིས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་དབྱར་དུས་དབུ་ཚོགས་དེ་ཚེས་23ཉིན་པེར་ཀྲེམ་གྱི་པུ་རུ་སེར་འགོ་ཚུགས་པ་རེད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་དགོང་མོར་སྤེལ་བའི་གསལ་བསྒྲགས་ཤིག་ནང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཡུག་རེན་དང་མོར་ཏུའོ་ཝ་ལ་ཡོ་རོབ་མནའ་འབྲེལ་གྱི་འོས་མིའི་ཁོངས་མིའི་རྒྱལ་ཁབ་ཀྱི་གོ་གནས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་། དུས་མཚུངས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་རེ་ཞུ་བྱེད་མཁན་རྒྱལ་ཁབ་ལ་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྒྱུའི་གཏན་འབེབས་ཆ་རྐྱེན་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་དགོས་ཚུལ་བཏོན། གལ་ཏེ་གཏན་འབེབས་བྱས་པའི་ཆ་རྐྱེན་ཚང་མར་ཡིད་ཚིམ་ཚེ། ལས་འཛིན་ལྷན་ཚོགས་ཀྱིས་གོམ་སྟབས་རྗེས་མའི་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 
     གསལ་བསྒྲགས་ནང་ད་དུང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་འཇོར་ཇི་ཡའི་རེ་ཞུའི་སྐོར་གྱི་བསམ་འཆར་ནང་སྔོན་ལ་གཏན་འཁེལ་བྱས་པའི་དོན་དག་ཐག་གཅོད་ཐུབ་ཚེ། འཇོར་ཇི་ཡར་ཡོ་རོབ་མནའ་འབྲེལ་གྱི་འོས་མིའི་ཁོངས་མིའི་རྒྱལ་ཁབ་ཀྱི་གོ་གནས་ཐོབ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
     ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་གྱིས་དེ་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་ཞིང་། ཡུག་རེན་གྱིས་ཡོ་རོབ་མནའ་འབྲེལ་ཕྱོགས་སུ་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད་ཅེས་བཤད་པ་རེད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་གཏན་འབེབས་དེས་ཡུག་རེན་དང་། མོར་ཏུའོ་ཝ། འཇོར་ཇི་ཡ་བཅས་རྒྱལ་ཁབ་གསུམ་གྱི་སྟོབས་ཤུགས་ཇེ་ཆེར་བཏང་བ་མ་ཟད། ཡོ་རོབ་མནའ་འབྲེལ་གྱི་དངོས་ཡོད་སྟོབས་ཤུགས་ཀྱང་ཇེ་ཆེར་བཏང་ཡོད་པ་བཤད།