འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།མི་392འཛིན་བཟུང་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་23ཉིན། རྒྱལ་མཚམས་དང་མཐའ་མཚམས་ཀྱི་དོ་དམ་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི“མེང་རྔོན”བྱ་འགུལ་གྱི“སྦྲུལ་འཛིན”བྲོས་འདེད་གྱི་འགག་སྒྲོལ་དམག་འཐབ་རྒྱག་རྒྱུའི་བཀོད་སྒྲིག་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དེ་རྒྱལ་མཚམས་དང་མཐའ་མཚམས་ཀྱི་དོ་དམ་ལ་འགོག་རྐྱེན་བཟོས་བའི་ཉེས་གསོག་བྲོས་བྱོལ་དོགས་ཡོད་མི་སྣ་གལ་ཆེན་འཛིན་བཟུང་གི་ཆེད་དོན་བྱ་འགུལ་དེ་ཚབ་མིང་ལ“སྦྲུལ་འཛིན”ཟེར་བ་
2021ལོའི་ཟླ་9པར་བཀོད་སྒྲིག་བྱས་པ་ནས་ད་ལྟའི་བར་དུ། བྲོས་བྱོལ་མི་སྣ་གལ་ཆེན་192བདེ་བླགས་ངང་འཛིན་བཟུང་བྱས་པ་དང་། དེའི་ཁྲོད་མངའ་ཁོངས་ནང་གི་བྲོས་བྱོལ་ཉེས་ཅན་86དང་མངའ་ཁོངས་ཕྱིའི་བྲོས་བྱོལ་ཉེས་ཅན་གལ་ཆེན་106ཡོད་པ་རེད།
     “སྦྲུལ་འཛིན་”བྱ་འགུལ་སྤེལ་བ་ནས་བཟུང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་གནས་སྤོས་ཡུལ་མིའི་དོ་དམ་ལས་ཁུངས་ཀྱིས་རིགས་སྣ་མང་མཉམ་སྡེབ་ཀྱིས་དམག་འཐབ་བྱེད་པ་དང་། ས་ཁུལ་ཁག་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། ཆེད་དམིགས་འཛིན་བཟུང་དང་རྒྱལ་ཁོངས་ལས་བརྒལ་བའི་ཁྲིམས་བསྟར་མཉམ་ལས་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། མངའ་ཁོངས་ཕྱི་ནང་ནས་བྲོས་བྱོལ་དང་སྦས་སྐུང་བྱས་པའི་ལྐོག་བརྒལ་སྐྱེལ་འདྲེན་གྱི་ཉེས་གསོག་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་ཉེས་ཅན་གཏེ་བོ་དང་གཙོ་བོ་འབོར་ཆེན་ཞིག་འཛིན་བཟུང་བྱས་པ་མ་ཟད། དེ་ལས་རྒྱ་སྐྱེད་དེ་རྒྱན་འགྱེད་དང་། མགོ་སྐོར་གཏོང་བ། དུག་ཚོང་སོགས་རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་འདྲེས་མའི་ལྐོག་བརྒལ་སྒྲིག་འཛུགས་བྱེད་པའི་ཚོགས་པ་ཁག་ཅིག་མེད་པར་བཟོས་པ་དང་། རྒྱལ་མཚམས་དང་མཐའ་མཚམས་ཀྱི་དོ་དམ་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་ནས། འགག་སྒོའི་མཐའ་མཚམས་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
     གོམ་སྟབས་རྗེས་མར། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་ཀྱིས་གསར་དུ་ལེགས་སྒྲིག་བྱས་པའི་ནག་ཉེས་ཚབས་ཆེ་བ་དང་། ཤུགས་རྐྱེན་ངན་པ། མངའ་ཁོངས་ཕྱི་ནང་ན་སྦས་སྐུང་བྱས་ཡོད་པའི་ལྐོག་སྒྲོལ་སྐྱེལ་འདྲེན་སྒྲིག་འཛུགས་ཚོགས་པའི་འགོ་གཙོ་དང་། རྒྱབ་ཀྱི་སྒྲིག་འཛུགས་པ། སྐྱེལ་འདྲེན་པ། རྐང་འཛིན་པ་བཅས་100ལ་རེས་སྐོར་གསར་པའི་ཆེད་དོན་འཛིན་བཟུང་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
     རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱལ་མཚམས་དང་མཐའ་མཚམས་དོ་དམ་ལ་བར་ཆད་བཏང་བའི་ཉེས་གསོག་དོགས་ཅན་གལ་ཆེན་འདེད་བཟུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་ནུས་ཤུགས་ཡོད་རྒུས་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་བ་དང“མེང་རྔོན”བྱ་འགུལ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་སྒོ་དང་མཐའ་མཚམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།