འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་ནུས་ཡར་ངོའི་ཟླ་ལྟར་འཕེལ་བ།

—— སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཧྲའན་ཤིས་ཀྱི་ལེའུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་2020ལོའི་ཟླ་7ཚེས་29ཉིན་པར་བླངས་པའི་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ལེང་ཅ་ཧོ་གྲོང་ཚོའི་རི་ཁུལ་གྱི་ཀུ་ཤུའི་ལྡུམ་ར་ཡིན་པ།
འདི་ནི་2020ལོའི་ཟླ་7ཚེས་29ཉིན་པར་བླངས་པའི་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ལེང་ཅ་ཧོ་གྲོང་ཚོའི་རི་ཁུལ་གྱི་ཀུ་ཤུའི་ལྡུམ་ར་ཡིན་པ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་ཐེངས་མང་གནང་ནས་ཧྲའན་ཤིས་ལ་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད། ཧྲའན་ཤིས་ཀྱི་བུ་ཕྲུག་ཚོས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ནས་ཧྲའན་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།
     “ཡུལ་མི་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་པ་ནི་རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན”
     ཟླ་6པའི་དབྱར་གཞུང་དུ། ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ལེང་ཅ་ཧོ་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པས་ཁེངས། རི་ཁུལ་གྱི་ཀུ་ཤུ་ལྡུམ་རའི་ནང་ཀུ་ཤུའི་སྡོང་པོའི་ཡལ་འདབ་རྒྱས་པ་དང་། དྲོད་ཁང་ནང་ཀྭ་རིགས་ཀྱི་དྲི་ཞིམ་འཐུལ་བ། གྱང་ཐོག་ཏུ་བཀལ་བའི་འཕྲེང་བརྒྱུད་སུར་ཕན་དམར་པོ་བཅས་ལས་བདེ་སྐྱིད་འཚོ་བའི་རྣམ་པ་ངམ་ངམ་དུ་འཕྱུར་བཞིན་མཆིས།(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)
     2015ལོའི་ཟླ་2པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཤིས་སུ་རྟོག་ཞིབ་ཐེངས་དང་པོ་གནང་བར་ཕེབས་སྐབས་དང་ཐོག་ལེང་ཅ་ཧོ་གྲོང་ཚོར་ཕེབས། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མིའི་འབབ་འཕར་དང་། ཤིང་འབྲས་འདེབས་འཛུགས། གསོ་ཚགས་ལས་རིགས་འཕེལ་རྒྱས། ས་ཆུ་སྲུང་འཛིན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་དང་གཏིང་ཟབ་གནང་བ་རེད། ཡན་ཨན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཀན་ཉིང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། “གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
     2021ལོའི་ཟླ་9པར། ཡུས་ལིན་གྲོང་ཁྱེར་སུའེ་ཏེ་རྫོང་ཧའོ་ཅ་ཆའོ་གྲོང་ཚོའི་གྲོང་མི་ཧོའུ་ཀྲི་རུང་ཁྱིམ་ཚང་རིམ་པ་ཁག་གི་རོགས་སྐྱོར་དང་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུལ་མི་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་པའི་ཕུགས་འདུན་ནི་རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཞིག་ཡིན་པས། གུང་ཁྲན་ཏང་གིས་བྱ་བ་དེ་ཡག་པོ་བསྒྲུབས་ནས་རྒྱུགས་ལན་ཡག་པོ་ཞིག་འབུལ་ཐུབ་པ་བྱེད་རྒྱུ་ཡིན”ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སྲུང་བརྩི་ཞུས་ནས་ཧྲའན་ཤིས་ཀྱི་གོང་འོག་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐབས་བྱས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་ཡན་ཨན་དུ་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར་སོགས“ཁག་གཅིག་རེ་བརྒྱད”ཀྱི་འདུ་འགོད་གནད་སྨིན་ངང་སྐུལ་འདེད་བཏང་བ་དང་འབྲེལ་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཡོད། ཆིན་པ་རི་ཁུལ་དུ་ཡུལ་གཞན་དུ་གནས་སྤོས་དང་། གྲོང་གསེབ་ཀྱི་ཡུལ་སྐོར། ཁྱད་ལྡན་ཐོན་ལས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
     2020ལོའི་ལོ་མཇུག་བར། ཧྲའན་ཤིས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་465ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་སྒྲོལ་རྫོང་ཚང་མར་ཞིང་པའི་ཡོང་འབབ་བརྟན་པོ་འགན་ལེན་དང་གྲོང་ཚོའི་མཉམ་སྡེབ་ཐོན་ལས་བཙུགས་ཡོད། 2021ལོར་ཧྲའན་ཤིས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་རྫོང་གི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.39ཟིན་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
     དབུལ་སྒྲོལ་བྱུང་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས། ཧོའུ་ཀྲི་རུང་གིས་དགའ་སྤྲོའི་ངང“ཁྱིམ་གྱི་ས་ཞིང་ཀུ་ཤུ་མཉམ་ལས་ཁང་ལ་མ་རྐང་བཞག་ནས་ལོ་རེར་བགོ་འགྲེམས་སྒོར་2000ལེན་རྒྱུ་ཡོད། ངའི་བཟའ་ཟླ་གད་པ་ཞིག་ཡིན། འདི་ལོ་སླར་ཡང་ཟླ་རེར་གླ་ཕོགས་སྒོར་300སྤར་སོང་། ན་ནིང་ཚ་བོ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་འདི་ལོ་གྲོང་ཚོའི་ནང་རིག་གནས་ཡུལ་སྐོར་ཀུང་སི་ནང་འདྲེན་བྱས་པ་སོགས་བཀྲ་ཤིས་པའི་བྱ་བ་མང་པོ་བྱུང་སོང”ཞེས་བརྗོད།
     ཆིན་ལིང་ཁུལ་གྱི་ཧྲང་ལུའོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་གི“མོག་རོར”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་ཞིང་། ཡུལ་མི་ཚོས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། འཁོར་འབྲེལ་རིང་དུ་གཏོང་བ། སྤུས་རྟགས་སྟོབས་ཆེར་གཏོང་བ་བཅས་ཧུར་ཐག་བྱས་པས། ད་ཆ“མོག་རོ”དེ“ཐོན་ལས་ཆེ་མོར”འགྱུར་ཏེ་རྫོང་ཡོངས་ཀྱི་མོག་རོའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50ལས་བརྒལ་ཡོད།
     “སྔོ་ལྗང་རི་ཀླུང་ལེགས་པར་བསྐྱངས། དེ་ཡིས་དྲིན་ལན་གསོ་བར་ངེས”
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་6གནང་བ་མ་ཟད། ཆིན་ལིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད། 2020ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིའུ་པེ་ལེང་སྲུང་སྐྱོང་ཁུལ་གྱི་གཡོད་ལེང་ཡར་རྟོག་ཞིབ་གནང་སྐབས་སྒམ་ནན་ངང“ཆིན་ལིང་སྐྱེ་ཁམས་ཀྱི་སྲུང་དམག་ཡག་པོ་ཞིག་བྱས་ནས་ལམ་རྙིང་པར་གཏན་ནས་སྐྱོད་མི་རུང”ཞེས་གསུངས་པ་རེད།
     “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་ཧྲའན་ཤིས་ཀྱིས་ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་མུ་མཐུད་སྐུལ་འདེད་བཏང་བ་སྟེ། སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་བཅོས་སྒྲིག་བྱས་པ་དང《ཧྲའན་ཤིས་ཞིང་ཆེན་ཆིན་ལིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱས་པ་དང་། མངོན་གསལ་དོད་པའི་གནད་དོན་ཐད་རྩིས་ཁྲ་བཟོས་ནས་ཆུ་ཤུགས་གློག་ཁང་ཆུང་གྲས་438བཅོས་སྒྲིག་བྱས་ཡོད། ཞིང་ཆེན་ནས་གྲོང་ཚོ་བར་རིམ་ལྔའི་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ནས་ནགས་སྲུང་བ་ཁྲི་2.6གིས་རིར་སྐོར་གཡེང་བྱེད་ཀྱི་ཡོད། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་སོགས་བྱ་སྤྱོད་ཆེན་པོ་བཅུ་ལག་བསྟར་བྱས་ཡོད།
     ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་རྩ་གསོ་འཁྱོངས་ཁུལ་དུ་གནས་པའི་ཞུན་དབྱང་གྲོང་ཁྱེར་ཧྲོང་ཧོ་གྲོང་རྡལ་དུ་མི་70ལས་གྲུབ་པའི་བུད་མེད་གཙང་ཆུ་སྲུང་སྐྱོང་རུ་ཁག་གིས་རྒྱུན་དུ་ཧན་ཅང་གཙང་པོ་རྒྱུག་ཁུལ་སྲུང་སྐྱོང་བྱེད་པའི་རྣམ་པ་དེ་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཨན་ཁང་གྲོང་ཁྱེར་གྱིས་ཧན་ཅང་གཙང་པོའི་གཙོ་གནད་ཆུ་ཁོངས་སུ་ཆུ་རྒྱ་བདམས་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། དབྱིང་ཧུའུ་སོགས་ཆུ་མཛོད་ཁུལ་གྱི་དྲ་སྒམ་ཁྲི་3.5གཙང་སེལ་བྱས་པ་དང་པའེ་ཧྲི་ཧོ་གཙང་པོའི་མུ་ཟི་ལྕགས་གཏེར་གྱི་སྦགས་བཙོག་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་པ་རེད། ད་ཆ་ཧན་ཅང་གཙང་པོ་ནས་ཧྲའན་ཤིས་བར་གྱི་ཆུའི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་ས་ངོས་ཆུའི་རིགས་IIཔའི་ཚད་གཞིར་སླེབས་ཡོད།
     2020ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས། སྔོ་ལྗང་རི་ཀླུང་ལེགས་པར་བསྐྱངས་ན། དེ་ཡིས་དྲིན་ལན་གསོ་བར་ངེས་ཞེས་གསུངས་པ་རེད། ད་ཆ་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་དུ་ཇ་ཞིང་མུའུ་ཁྲི་20བར་འཕེལ་རྒྱས་ཕྱིན་ནས་མི་རེར་ཆ་སྙོམས་ཇ་ཞིང་མུའུ་1དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ལྷག་ཙམ་བྱུང་ཡོད། ཧྲའན་ཤིས་ལྷོ་རྒྱུད་ཀྱི་གྲོང་ཁྱེར་གསུམ་གྱི་ཚོང་འགུགས་ཐད་ཐོན་རྫས་རིན་ཐང་ཁོ་ནར་གཙིགས་ཆེན་མི་བྱེད་པར། “ལྗང་མདོག་འདུས་ཚད”དང“ལག་རྩལ་གསར་པ་འདུས་ཚད”ལ་གཙིགས་ཆེན་བྱས་ཡོད། འཁོར་རྒྱུག་འདེབས་གསོ་དང་། ཕུའུ་ཤིས་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རི་ཁུལ་དར་རྒྱས་དང་ཡུལ་ཕྱོགས་གཅིག་གི་མི་ཕྱུག་འགྱུར་གྱི་རྣམ་པ་མངོན་བཞིན་ཡོད།
     འདས་ཟིན་པའི་ལོ་5ཡི་ནང་ཧྲའན་ཤིས་ཀྱིས་རྨ་ཆུའི་ཆུ་གཞུང་ཨ་མའི་སྦགས་བཙོག་གི་གནད་དོན་ཁག་105བཅོས་སྒྲིག་དང་བྱེ་འགྱུར་ས་ཞིང་མུའུ་ཁྲི་516བཅོས་སྒྲིག་བྱས་པས་ནགས་ཚལ་ཁྱབ་ཚད་45%ཡན་ཟིན་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་རྒྱུན་མཐུད་ཆག་པ། མཁའ་རླུང་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱས་ཚུན་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།
     “སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་དགོས”
     ཤིས་ཨན་རྒྱལ་སྤྱིའི་གྲུ་ཁར་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཁྲང་ཨན་རྟགས་ཅན་གྱི་དུང་བརྡ་གྲགས་བཞིན་མཆིས། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཁྲང་ཨན་རྟགས་ཅན་གྱིས་རིམ་རྩིས་བྱས་ན། དུས་གཏན་མེ་འཁོར་ཐེངས་1399བཏང་བ་དང་མེ་འཁོར་གཏོང་ཚད་དང་དོས་སྒམ་དབོར་ཚད་སོགས་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
     སྒོ་མོ་འབྱེད་ཚད་མི་འདང་བ་ནི་ཧྲའན་ཤིས་ཀྱི་དེ་སྔའི་ཞན་ཆ་ཞིག་རེད། 2020ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས། ཧྲའན་ཤིས་ཀྱིས“སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་དགོས”“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་དུས་བབ་ཆེན་པོ་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས”ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ཧྲའན་ཤིས་ཀྱིས་ལས་ཕྱོད་ཆེ་ལ་སྟབས་བདེ་བའི་རྒྱལ་སྤྱིའི་ཚོང་དོན་གྱི་བགྲོད་ལམ་གཏོད་པ་མ་ཟད། ཁེ་ལས་མང་པོ་ཞིག་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོད་དེ“ཕྱིར་སྐྱོད་པའི”མི་མངོན་པའི་སྟོབས་ཤུགས་འཕེལ་ཡོད།
     དེ་སྔ་ཐོན་རྫས་མཚོ་ཐོག་ནས་ཨེ་ཤེ་ཡ་དབུས་མར་སྐྱེལ་འདྲེན་བྱེད་པར་ཟླ་བ་གཅིག་ཙམ་འགོར་བ་དང་། ད་ཆ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་ཉིན་7ལ་སྐྱེལ་འདྲེན་བྱེད་ཐུབ་ཀྱི་ཡོད། ཧྲེན་ཀྲེན་ནས་ཤིས་ཨན་དུ་སྤོས་པའི་ཧྲའན་ཤིས་སི་ཡིང་གློག་རྡུལ་ཚན་རྩལ་ཀུང་སིས་རྒྱལ་སྤྱིའི་ཚོང་དོན་གྱི་སྟབས་བདེ་བགྲོད་ལམ་ལ་བརྟེན་ནས་ཁྲོམ་ར་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་སོགས་སུ་རྒྱ་སྐྱེད་བཏང་བ་དང་བྲིན་ཚོང་དངུལ་འབོར་སྒོར་ཁྲི་2000ནས་སྒོར་དུང་ཕྱུར་1ཙམ་བར་འཕར་ཡོད།
     ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་གྲངས་འབོར་དབུས་ནུབ་རྒྱུད་ཀྱི་ཨང་དང་པོར་སླེབས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཞིང་ལས་ལག་རྩལ་སྤེལ་རེས་གསོ་སྦྱོང་དཔེ་སྟོན་རྟེན་གཞི་བསྐྲུན་ནས་སྤྱོད་པ། ཤིས་ཨན་དུ་རྒྱལ་སྤྱིའི་མཁའ་ལམ་97ཟིན་པ་སོགས་འདི་ལོའི་དུས་ཚིགས་དང་པོར་ཧྲའན་ཤིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་227.8ཟིན་པ་དེ་དུས་མཚུངས་ལས་45.2%འཕར་ཡོད།
     “གློས་སྡོམ་ཞབས་གསུམ”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཧྲའན་ཤིས་ཀྱིས་རེས་སྐོར་གསར་པའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱས་ཏེ་སྲིད་དོན་ཞབས་ཞུའི་དོན་ཚན་892ལག་ཐོགས་ཁ་པར་ནས་གཉེར་ཐུབ་ཀྱི་ཡོད།
     2021ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས། “ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆེས་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ལ་བརྩི་དགོས”ཞེས་ནན་བཤད་གནང་བས་ཁེ་ལས་རྩེར་སོན་ཅན་དང་། སྣེ་མང་ཅན། ཐཱན་ཉུང་ཅན་བཅས་སུ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་ཕྱིན་ཡོད། མིག་སྔར་ཁེ་ལས་ཀྱིས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི་ཁྲུན་གཉིས་ཁ་པའི་རྣམ་གྲངས་བསྐྲུན་ཟིན་ནས། ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ལྟེ་བའི་ལག་རྩལ་མང་དག་འདུས་པ་དང་གོ་ལ་ཧྲིལ་པོར་ལོ་རེར་ཏུན་ཁྲི་5ཟིན་པའི་ཁྲུན་གཉིས་སྐྱུར་འདུས་པའི་སྐྱེ་དངོས་རྒྱུ་ཆའི་དཔེ་སྟོན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད།