འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།“དབྱར་གསུམ”འཕྲུལ་བསྡུའི་གནམ་གཤིས་སྔོན་བརྡ་གནད་སྨིན་ཞིབ་ཚགས་ཐུབ་པའི་དྲན་སྐུལ་ཐོན་རྫས་དྲ་ཐོག་ཏུ་བཏོན་པ།

——རྒྱལ་ཡོངས་ཀྱི་ཞིང་འཕྲུལ་གཏོང་མཁན་དང་ཞིང་ལས་དུད་ཆེན་ཁྲི་300ལྷག་ཙམ་ལ་གནད་སྨིན་བརྒྱུད་སྐྱེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ལྟེ་གནས་ཀྱིས་ཞིང་ལས་གྲོང་གསེབ་པུའི་ཞིང་འཕྲུལ་ཅན་སི་དང་རྒྱལ་ཁབ་གནམ་གཤིས་ལྟེ་གནས་དང་མཉམ་དུ་ཞིབ་སྤེལ་བྱས་པའི་དབྱར་བསྡུ་དང་། དབྱར་འདེབས། དབྱར་དུས་ཞིང་ནང་གཡོག་བྱེད་བཅས་ཀྱི་འཕྲུལ་བསྡུའི་གནམ་གཤིས་གནད་སྨིན་ཞིབ་ཚགས་ཐུབ་པའི་སྔོན་ཚུད་ཉེན་བརྡའི་དྲན་སྐུལ་ཐོན་རྫས་དུས་བཀག་ལྟར་དྲ་ཐོག་ཏུ་བཏོན་ཡོད། ཞིང་འཕྲུལ་ལས་སྒྲུབ་ཀྱི་ཆེད་སྤྱོད་APP“མུའུ་འཇལ་ཆས”བརྒྱུད་གཙོ་གནད་ཞིང་ཆེན་གྱི་ཞིང་འཕྲུལ་གཏོང་མཁན་དང་ཞིང་ལས་དུད་ཆེན་སོགས་མི་ཁྲི་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། སྤྱོད་མཁན་གྱིས་གནས་གཏན་འཁེལ་བྱས་ན་ས་གནས་དེ་གའི་འཕྲུལ་བསྡུའི་ལས་སྒྲུབ་དུས་ཚོད་འཚམ་ཤོས་ཀྱི་ཆ་འཕྲིན་ཉིན་རེར་ཐེངས་གཉིས་གནད་སྨིན་བརྒྱུད་སྐྱེལ་ཐུབ་པས། འཕྲུལ་བསྡུའི་དུས་ཚོད་དང་མི་སྣའི་འཕྲུལ་ཆས་བཀོད་གཏོང་འོས་འཚམ་བྱ་རྒྱུར་རམ་འདེགས་ཐུབ་ཀྱི་ཡོད། མིག་སྔར་ཐོན་རྫས་དེ་ཨན་ཧུའེ་དང་། ཅང་སུའུ། ཧོ་པེ། ཧོ་ནན། ཧུའུ་པེ། ཧྲན་ཏུང་། ཧྲའན་ཤིས། ཧྲན་ཤིས་སོགས་ཀྱི་དབྱར་བསྡུའི་གཙོ་གནད་ཞིང་ཆེན་8ལ་ཚོད་ལྟའི་བཀོལ་སྤྱོད་བྱས་པ་རེད།
     མིག་སྔར། རང་རྒྱལ་གྱི་གྲོ་འཕྲུལ་བསྡུ་བྱེད་ཚད་97%ལྷག་ཙམ་ཟིན་ཡོད། ཞིང་འཕྲུལ་གཏོང་མཁན་ནི་གྲོར་ཐོན་འབབ་ཡག་པོ་ཡོང་བའི་གཙོ་ཤུགས་དམག་ཅིག་ཡིན་པས་ས་ཁོངས་བརྒལ་ནས་ལས་སྒྲུབ་བྱེད་དགོས་ཀྱི་ཡོད། ཁོང་ཚོས་གནམ་གཤིས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། གནམ་དྭངས་སྐབས་དང་ཆར་པ་མ་འབབ་གོང་དང་དེ་བཞིན་ཆར་པ་བབས་རྗེས་ཀྱི་བར་གསེང་དམ་འཛིན་གྱིས་དབྱར་བསྡུ་ལེགས་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད། ཞིང་འཕྲུལ་གཏོང་མཁན་གྱི་དགོས་མཁོར་གཞིགས་ཏེ་གནམ་གཤིས་སྡེ་ཚན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གནད་སྨིན་ཞིབ་ཚགས་ཀྱི་སྔོན་ཚུད་ཉེན་བརྡའི་ཞབས་ཞུའི་ཐོན་རྫས་བཏོན་ཡོད་པ་རེད།