འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།གངས་ལྗོངས་ས་མཐོའི་ལེའུ་གསར་པ་ཧུར་ཐག་བརྩམས།

—— སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་བོད་ཀྱི་ལེའུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པའི་ཉིང་ཁྲི་གྲོང་ཁུལ་ཡིན་པ།
འདི་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པའི་ཉིང་ཁྲི་གྲོང་ཁུལ་ཡིན་པ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད།
     བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་360ལྷག་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་ཡོད།
     “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”
     2021ལོའི་ཟླ་7པར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་མཚོན་པར་གནང་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཐོབ་ཅིང་། ཁོང་གིས་བརྩེ་བ་ཟབ་མོས“གངས་ལྗོངས་ས་མཐོའི་བརྗིད་ཆེའི་མཛེས་སྡུག་ཉམས་འགྱུར་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང”ཞེས་གསུངས།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་འཐབ་འགོད་ཇུས་འདོན་གནང་བ་སྟེ།
     2013ལོའི་ཟླ་3ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་གསལ་སྟོན་གནང་སྟེ་མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་གནས་བབ་ནན་བཤད་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་2015ལོའི་ཟླ་8པ་དང་2020ལོའི་ཟླ་8པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པར་ཞུགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་ཏེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
     2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་རིང་། བོད་འཕེལ་རྒྱས་གཏོང་བའི་འགན་འཁྲི་གསར་པ་བཀོད་སྒྲིག་གནང་བ་སྟེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཡུན་རིང་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་བ། ལམ་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། མཐའ་མཚམས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཆུ་དང་། གློག ལམ། སྡོད་ཁང་སོགས་བསྐྲུན་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མཐའ་དར་དམངས་ཕྱུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད།
     ཡར་ཀླུང་གཙང་པོ་དྲག་ཏུ་རྒྱུག བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གངས་ལྗོངས་ས་མཐོར་བསྐྱོད། 2021ལོའི་ཟླ་6པར་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་སྟེ་ཉིང་ཁྲི་ནས་ལྷ་ས་བར་གྱི་ལམ་ཐག་ཆུ་ཚོད་3ལྷག་ཙམ་བར་ཐུང་དུ་བཏང་བ་མ་ཟད། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ཡོད། “ལྷ་ཉིང་ལྕགས་ལམ་སྐྲུན་པས་ཕྱིར་འགྲོ་དགོས་ན་སྟབས་བདེ་བ་མ་ཟད། གྲོང་ཚོར་ཡུལ་སྐོར་བ་ཡང་དེ་བས་མང་དུ་ཕྱིན་སོང” ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྡེང་གྲོང་ཚོའི་བོད་ཟས་ཟ་ཁང་གི་སྦྱིན་བདག་ཉི་མ་ཆོས་སྒྲོན་གྱིས། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཟ་ཁང་དུ་ཁ་ལག་ཟ་བར་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་ནས་ན་ནིང་ཁེ་བཟང་སྒོར་ཁྲི་10རག་བྱུང་ཞེས་བརྗོད།
     “ད་ཆ་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བསྐྲུན་ཡོད་ལ། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་ཀྱི་གློག་དྲ་བསྐྲུན་ཟིན་པ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་99%ཟིན་པ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་མཱ་ཆིང་ལིན་གྱིས་བརྗོད།(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)
     བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བཅད་གལ་ཆེན་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི། ཕན་པ་བསྐལ་བརྒྱར་ཐོབ་པ་དང་ཀུན་ལ་ཕན་པའི་བྱ་བ་ཞིག་གི་ངོས་ནས་བརྗོད་ན། ཧ་ཅང་གལ་འགངས་ཆེ་བ་ཞིག་རེད”ཅེས་ནན་བཤད་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་ནས་བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། སྲུང་སྐྱོང་ལ་གཙིགས་ཆེན་བྱེད་པ་ནས་རང་འགུལ་བྱ་སྤྱོད་དུ་གྱུར་པར་བྱས་ཏེ། མཚོ་བོད་ས་མཐོ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་བསྐྲུན་ཡོད། ད་ཆ་བོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་བཟུང་ཡོད།
     སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་བོད་ཀྱིས་ད་དུང་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་དམིགས་ས། ནུས་རྒྱུ་གཙང་མའི་རྟེན་གཞི། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བཅས་སྐྲུན་པར་ཤུགས་སྣོན་བརྒྱབ་ཡོད།
     “མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས”
     ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་འབོད་ཀྱི་ཡོད།
     2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་ཚོ་དེའི་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས། “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་དང་འཚོ་བའི་སྐོར་གླེང་གནང་བ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་དང་འདེབས་འཛུགས་གསོ་ཚགས་ཀྱི་སྐོར་བཀའ་འདྲི་གནང་ནས། ང་ཚོའི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་འདུག” ཟླ་བ་རྒྱལ་མཚན་གྱིས་ལོ་འདི་དག་རིང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས། ལོ་རེར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.5ཟིན་གྱི་འདུག་ཅེས་བརྗོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར“ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།
     སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་དང་། སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག མི་རིགས་40ལྷག་ཙམ་ཡོད་པའི་གངས་ལྗོངས་ས་མཐོ་དང་དེ་བཞིན་འདི་གར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་བུ་ཕྲུག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་བཅངས་ཡོད།
     ན་ནིང་ཟླ་7པར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་ཡག་པོ་སྒྲུབ་པ་དང་བྱ་བ་རེ་རེ་བཞིན་གྱི་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
     བོད་ནི་སྔོན་མ་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཅན་གྱི་ས་ཁུལ་འབའ་ཞིག་དེ་ཡིན་ཞིང་། ཐོན་སྐྱེད་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་སོགས་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་རེ་རེ་སྤྱད་དེ། བོད་ཀྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱ་ཆེད་ཐབས་བཟང་མང་པོ་སྤྱད་ཡོད། དེ་དང་ཆབས་ཅིག་བོད་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བས། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་ཡོད། 2019ལོའི་ལོ་མཇུག་ཏུ་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་མི་འབོར་དབུལ་པོ་ཁྲི་62ལྷག་ཙམ་ཚང་མ་དབུལ་གྲོལ་ཐུབ་ཡོད།
     དབུལ་གྲོལ་ཐུབ་རྗེས། བོད་ཀྱིས་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བས། དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། 2021ལོར་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་153.82སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་རྣམ་གྲངས་2126ལག་བསྟར་བྱས་པ་དང་། དབུལ་པོ་བསྐྱར་ལོག་འགོག་པའི་སྐབས་བསྟུན་ལྟ་བཤེར་དང་རོགས་སྐྱོར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། ཡུལ་གཞན་དུ་གནས་སྤོ་བྱས་རྗེས་མུ་མཐུད་རོགས་སྐྱོར་རྣམ་གྲངས་293བཀོད་སྒྲིག་དང་མ་དངུལ་སྒོར་དུང་ཕྱུར་30.86བཏང་ནས་ལེ་ལག་ཚང་བའི་ཐོན་ལས་2300བསྐྲུན་པ་རེད།
     “ཡར་ལངས་ཞིང་བྲན་བཅིངས་འགྲོལ་ཐོབ་སྟེ་བདག་པོར་གྱུར་པ་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོ་ཡུལ་སྨད་ཤང་ལ་ཆ་མཚོན་ན་དུ་དེ་སྔ་མི་གསུམ་ཤང་ནས་ད་ཆ་མི་200ལྷག་ཙམ་ཡོད་ལ། ལམ་ཚང་མ་སྣུམ་ནག་ལམ་དུ་གྱུར་པ་དང་། ཁྱིམ་ཚང་ཚང་མར་གློག་ཁྲིད་པ། དྲ་རྒྱ་བཅས་ཡོད་པས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ”ཞེས་དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བའི་ཡུལ་སྨད་ཤང་གི་མཐའ་སྲུང་འབྲོག་མོ་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོས་བརྗོད།
     ད་ཆ་བོད་དུ་དེང་རབས་ཀྱི་སློབ་གསོའི་མ་ལག་བཙུགས་ནས་ངལ་རྩོལ་ནུས་ཤུགས་གསར་པའི་ཆ་སྙོམས་མི་རེར་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ་13.1བར་རིང་དུ་ཕྱིན་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། སྨན་བཅོས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད། 2021ལོར་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16935ཟིན་པ་2020ལོ་ལས་སྒོར་2337འཕར་བ་དང་འཕར་ཚད་16%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་46503ཟིན་ནས་དུས་མཚུངས་ལས་13%འཕར་ཡོད།
     “མི་རིགས་56ནི་སེ་འབྲུའི་འབྲུ་གུ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟ་བུ་རེད”
     བར་སྐོར་ཁྲོམ་གཞུང་དུ་ཚོང་ཁང་མང་བ་དང་ཡུལ་སྐོར་བས་ཁེངས་ཤིང་། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་སྐོར་དུ་ཕེབས་ནས“ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པ་ཞིག་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཐུབ་ཡོད་པ་མ་ཟད། ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་མི་རིགས་ཁག་འདི་གར་དགའ་སྤྲོ་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོས་གསུངས།
     བར་སྐོར་དུ་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་མངོན་བཞིན་ཡོད།
     རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ། མོན་པ་སོགས་མི་རིགས་40ལྷག་ཙམ་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་བོད་ཀྱི་ལས་དོན་སྤྱི་ཡོངས་ཀྱི་དམིགས་བསལ་གནས་བབ་ཏུ་བཞག་ནས། “མི་རིགས་56ནི་སེ་འབྲུའི་འབྲུ་གུ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟ་བུ་རེད” “བོད་ཀྱི་ལས་དོན་ལ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་མཐའ་འཁྱོངས་རྒྱག་པ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་མི་རིགས་མཐུན་སྒྲིལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་གྱུར་ཡོད། “མི་རིགས་ཁག་དབར་ལྷག་བསམ་རྣམ་དག་གི་མཐུན་སྒྲིལ་མེད་ན། ད་ཆའི་གྲ་རྒྱས་གོང་འཕེལ་གྱི་བོད་ལྗོངས་ཡོང་མི་སྲིད། ང་ཚོས་མུ་མཐུད་མཐུན་སྒྲིལ་དམ་ཟབ་བྱེད་དགོས”ཞེས་ལོ་71ལ་སླེབས་པའི་ལྷ་སའི་གྲོང་མི་སྒྲོལ་མ་རིག་འཛིན་གྱིས་བརྗོད།
     《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་འཛུགས་སྲོལ་ཡིག》ལག་བསྟར་བྱས་ཤིང་། ལོ་ལྟར་གྱི་ཟླ་9པ་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཁང་དུ་སློབ་ཁྲིད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བཅས་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པར་བྱས་ཡོད།
     བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བློ་ཁ་གཅིག་ཏུ་ཕྱོགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ནས། གྲ་རྒྱས་འཕེལ་རྒྱས་ཀྱི་རྫོགས་ཐ་མེད་པའི་སྒུལ་ཤུགས་གཅིག་སྡུད་ཐུབ་ཡོད།
     ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་ནི་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་འབྲས་སྤུངས་དགོན་དུ་ཕེབས་ནས“ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནི‘འཆམ་མཐུན’ལ་ཐུག་ཡོད” “ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་བྱེད་དགོས”ཞེས་གསུངས་པ་རེད།
     དུས་རབས་གསར་པའི་བོད་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པར་བརྟེན། ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཆོས་ལུགས་ཀྱི་ལས་དོན་དོ་དམ་ཚད་ལྡན་དང་གོ་རིམ་ལྡན་པ། ཆོས་ལུགས་ཞི་དུལ་བཅས་བྱུང་ཡོད།
     བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར་དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་དུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་ནས། གངས་ལྗོངས་ས་མཐོར་མཛད་རྗེས་ཀྱི་རྡོ་རིང་གསར་པ་ཞིག་བཞེངས་བཞིན་ཡོད།