འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།པཎ་ཆེན་རིན་པོ་ཆེས་བོད་ཀྱི་ན་གཞོན་སྤྲུལ་སྐུར་བཀའ་སློབ་གནང་སྐབས་གསུང་དོན།

ཁྱེད་ཚོ་མཐོང་དུས་བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར་མཐོང་བྱུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཧྥེ་པོ།
    ཟླ་6ཚེས་16དང་17ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་རྟོག་ཞིབ་གནང་བ་མ་ཟད། དགེ་འདུན་པ་ཆིག་སྟོང་ཙམ་ལ་ཚེ་དབང་གནང་བ་རེད། དེའི་རིང་པཎ་ཆེན་རིན་པོ་ཆེས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ན་གཞོན་སྤྲུལ་སྐུར“ཁྱེད་ཚོ་མཐོང་དུས། ངས་བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར་མཐོང་བྱུང་། ན་གཞོན་མི་རབས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་པས་རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། རྒྱལ་སྐྱོང་འགྲོ་ཕན་གྱི་འགན་འཁྲི་སེམས་ལ་བརྟན་པོ་འཆང་བའི་རེ་བ་ཡོད”ཅེས་གསུངས་པ་རེད།
    པཎ་ཆེན་རིན་པོ་ཆེས་ལོ་འདི་དག་རིང་བོད་ལྗོངས་ནང་བསྟན་སློབ་གླིང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་བ་གསོ་སྐྱོང་བྱེད་པར་དཔེ་མཚོན་བཏོད་ཡོད། འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་གྲུབ་མཐའ་ཁག་དང་དགོན་སྡེ་ཁག་ཏུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་པ་དང་དེར་ཞུགས་མཁན་ལ་གྱུར་ཡོད་ལ། འདི་ནི་བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་པའི་དམིགས་ཡུལ་ཡང་རེད་ཅེས་གསུངས།
    ཁོང་གིས་སློབ་གླིང་གི་སློབ་གསོ་ནི་བོད་བརྒྱུད་ནང་བསྟན་དེང་རབས་སྤྱི་ཚོགས་ལ་སླེབས་རྗེས་ཀྱི་གསར་གཏོད་ལྡན་པའི་སློབ་ཁྲིད་བྱེད་སྟངས་ཤིག་ཡིན་པས། སྔར་བས་འཚོལ་ཞིབ་དང་གསར་འབྱེད་བྱེད་དགོས་ཞེས་གསུངས།
    པཎ་ཆེན་རིན་པོ་ཆེས“བོད་བརྒྱུད་ནང་བསྟན་གྱི་བྱེད་པོ་ཀྲུང་གོར་ཡོད་པ་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ནི་བོད་བརྒྱུད་ནང་བསྟན་གྱི་གཙོ་རྒྱུན་རེད། དེས་ན་རྒྱལ་གཅེས་ཆོས་གཅེས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་བྱེད་པའི་འགྲོ་ལམ་ནི། བོད་བརྒྱུད་ནང་བསྟན་གྱི‘སྤྱིའི་ལམ་ཕྱོགས’རེད”འདི་ནི་བོད་བརྒྱུད་ནང་བསྟན་གྱི་མདུན་ལམ་མམ་ལས་དབང་དང་འབྲེལ་བ་ཡོད་ལ། བོད་བརྒྱུད་ནང་བསྟན་ལས་རིགས་ཡོངས་ཀྱི་ཐུན་མོང་གི་གདམ་ག་དང་སྐབས་རིམ་བྱུང་གི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡང་རེད་ཅེས་གསུངས།
    ཁོང་གིས་བོད་བརྒྱུད་ནང་བསྟན་ནི་ནང་ཆོས་ཀྲུང་གོ་ཅན་གྱི་ཐོན་དངོས་ཞིབ་ཕྲ་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རིམ་བྱོན་ཚོས་ཡུལ་དུས་དང་། དངོས་པོའི་གནས་ལུགས། ཁམས་དང་མོས་པ་བཅས་དང་བསྟུན་ཏེ། ནང་ཆོས་སྤེལ་ནས་གྲུབ་པ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་ཆོས་ཀྱི་རིགས་པའི་གཞུང་ལུགས་དང་རྒྱུན་འཛིན་གྱི་མ་ལག་ཅིག་རེད་ཅེས་གསུངས།
    པཎ་ཆེན་རིན་པོ་ཆེས“བོད་ལྗོངས་ནང་བསྟན་སློབ་གླིང་གི་རྨང་གཞིའི་སྒྲིག་ཆས་དང་སློབ་གཉེར་གྱི་ཆ་རྐྱེན་སོགས་ཡོངས་སུ་ཚང་བས་ངའི་བསམ་པར་ཕྱི་རོལ་གྱི་ཆ་རྐྱེན་དང་ཁོར་ཡུག་ཚང་མ་འཛོམས་འདུག”ཅེས་གསུངས་པ་དང་། ཁོང་གིས་དགེ་སློབ་ཡོངས་ཀྱིས་འབད་འབུངས་ཆེར་སྐྱེད་དང་། རྒྱ་ཆེའི་གྲྭ་བཙུན་གྱིས་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་དུས་ཚོད་ལ་སྟངས་འཛིན་དང་གཅེས་སྤྲས། གྲུབ་མཐའ་ཁག་གི་ཆོས་གྲོགས་དབར་སྤེལ་རེས་དང་སློབ་སྦྱོང་མང་ཙམ་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
    བོད་ལྗོངས་ནང་བསྟན་སློབ་གླིང་གི་ན་གཞོན་སྤྲུལ་སྐུ་ངག་དབང་བློ་བཟང་བྱམས་པ་མཁས་གྲུབ་ཀྱིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ང་རང་2011ལོར་བོད་ལྗོངས་དཔལ་འབར་རྫོང་ལྷ་རྩེ་དགོན་པའི་ལྷ་རྩེ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པར་ངོས་འཛིན་བྱས་པ་རེད། ཉེ་དུས་ངས་རྒྱ་ཡིག་གི་གནའ་བོའི་སྙན་ཚིག་དང་། བོད་ཡིག་གི་མིང་ཚིག དབྱིན་ཡིག་གི་ཚིག་དུམ་སོགས་སྦྱངས་པ་ཡིན་ཞེས་བརྗོད།
   “པཎ་ཆེན་རིན་པོ་ཆེ་ནི་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་བླ་མ་རྩ་ཆེན་ཞིག་རེད། ད་རེས་ནི་ཁོང་གི་དྲུང་ནས་བཀའ་སློབ་ཉན་ཐེངས་གཉིས་པ་ཡིན” ངས་མུ་མཐུད་འབད་བརྩོན་དང་སྦྱངས་པ་མཐར་ཕྱིན་བྱས་ཏེ་པཎ་ཆེན་རིན་པོ་ཆེ་མིག་དཔེར་བཟུང་ནས་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། སེམས་ཅན་ཐམས་ཅད་བདེ་ལ་འགོད་པ་བཅས་ཀྱི་སྟོན་པའི་རྗེས་འབྲང་བ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད།
    ལོ་17ལ་སླེབས་པའི་ཀརྨ་དཔལ་ལྡན་བློ་གྲོས་རབ་གསལ་ནི་ཆབ་མདོ་གིངས་ལངས་དགོན་པའི་ཀརྨ་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པ་ཡིན་ལ། བོད་ལྗོངས་ནང་བསྟན་སློབ་གླིང་ན་གཞོན་སྤྲུལ་སྐུའི་འཛིན་གྲྭའི་འཛིན་གཙོ་ཡང་རེད། ཁོང་གིས“དེ་གོང་དགོན་པར་མང་ཆེ་བ་ནི་དཔེ་ཆ་སྐྱོར་སྦྱངས་དང་ཏིང་འཛིན་ལ་ཞུགས་ཀྱི་ཡོད། ནང་བསྟན་སློབ་གླིང་དུ་དེ་འདྲ་མིན་པར་ཚན་རིག་རིག་གནས་ཤེས་བྱ་དང་། ཆོས་ལུགས་ལོ་རྒྱུས་ཆོ་ག རྟགས་གསལ་གཏོང་བ་སོགས་བྱ་ཆོག་པས། ནང་བསྟན་སློབ་གླིང་དུ་སླེབས་རྗེས་མཐོང་རྒྱ་དེ་བས་ཡངས་སུ་ཕྱིན་ནས་ཤེས་བྱ་ཚང་མར་དེ་བས་ཆ་ལག་ཚང་བ་དང་། ཕུན་སུམ་ཚོགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྦྱངས་པ་བྱེད་ཐུབ་ཀྱི་འདུག”ཅེས་བརྗོད།
   “པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ཉན་རྗེས། ངའི་བསམ་པར་པཎ་ཆེན་རིན་པོ་ཆེ་མིག་དཔེར་བཟུང་ནས་བློ་ཕུགས་ཆོས་ལ་གཏད་དེ་འགྲོ་དྲུག་བདེ་ལ་འགོད་པར་འབད་པ་བྱེད་དགོས་སྙམ་གྱི་འདུག”ཅེས་ཀརྨ་དཔལ་ལྡན་བློ་གྲོས་རབ་གསལ་གྱིས་བརྗོད་ཅིང་། ཁོང་གིས་ང་ཚོར་ལོ་ལྟར་དབྱར་གསེང་དང་དགུན་གསེང་ཡོད་པས། ད་ལོ་དགུང་གསེང་བཞག་མ་ཐག་དགོན་པར་ལོག་སྟེ་དགོན་སྡེའི་དགེ་འདུན་པ་བྱིངས་ལ་པཎ་ཆེན་རིན་པོ་ཆེའི་དགོངས་པ་དང་བརྩེ་བ་དར་སྤེལ་གཏོང་གི་ཡིན་ཞེས་བརྗོད།