འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།ཨ་རིའི་ཁྲིམས་ངན་དེར་ཕམ་ཉེས་ཀྱི་མཇུག་འབྲས་ལས་མེད་ཟེར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 17:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་དོན། ཨ་རིའི“ཡུ་གུར་གྱི་བཙན་ཤེད་ངལ་རྩོལ་སྔོན་འགོག་བཅའ་ཁྲིམས”ཀྱི་ནུས་པ་དེ་རིང་ཐོན་གྲབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     ཝང་ཝུན་པིན་གྱིས་བཤད་དོན། ཞིན་ཅང་དུ“བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ”ཞེས་པ་མ་གཞི་ནི་ཀྲུང་གོར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱིས་ཀྲུང་གོར་དམའ་འབེབས་གཏོང་ཆེད་བཟོས་པའི་རྫུན་གཏམ་ཆེན་པོ་ཞིག་ཡིན་ཞིང་། དེ་ཞིན་ཅང་གི་སྲིང་བལ་སོགས་ཐོན་ལས་གཞི་ཁྱོན་ཆེན་པོས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཐོན་སྐྱེད་བྱེད་པ་དང་། ཞིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་ངལ་རྩོལ་ཁེ་དབང་ལ་འགན་ལེན་ཏན་ཏིག་ཐོབ་པའི་དོན་དངོས་དང་རྦད་དེ་ཕྱིན་ཅི་ལོག་པ་རེད། ཨ་རི་ཕྱོགས་ཀྱིས་རྫུན་གཏམ་གཞི་འཛིན་སར་བྱས་ནས། “ཡུ་གུར་གྱི་བཙན་ཤེད་ངལ་རྩོལ་སྔོན་འགོག་བཅའ་ཁྲིམས”བཟོས་ནས་ལག་ལེན་བསྟར་ཏེ། ཞིན་ཅང་གི་འབྲེལ་ཡོད་དངོས་ཚན་དང་མི་སྒེར་ལ་བཀག་སྡོམ་བྱས་པ་དེ་ནི་རྫུན་གཏམ་གྱི་རྒྱུན་མཐུད་ཅིག་རེད་ལ། ཨ་རི་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོར་གནོན་ཤུགས་སྤྲོད་རིམ་སྤོར་བ་ཞིག་ཀྱང་ཡིན་པ་དང། ཨ་རིས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་ལ་རྐང་བཙུགས་ནས་གཏོར་བཤིག་གཏོང་བ་དང་། རྒྱལ་སྤྱིའི་ཐོན་ལས་ཕྲེང་ཐག་དང་མཁོ་སྤྲོད་ཕྲེང་ཐག་གི་བརྟན་འཇགས་ལ་གནོད་འཚེ་གཏོང་བའི་དཔང་རྟགས་ངོ་མ་ཞིག་ཀྱང་རེད།
     ཝང་ཝུན་པིན་གྱིས་བཤད་དོན། ཨ་རི་ཕྱོགས་ཀྱིས་བཅའ་ཁྲིམས་ཀྱི་རྣམ་པ་ཟེར་བ་ཞིག་གི་ཐོག་ནས་ཞིན་ཅང་དུ་བཙན་ཤེད་ངང་ལས་ཀ་ཤོར་དུ་འཇུག་པ་དང་། གོ་ལ་ཧྲིལ་པོར་ཀྲུང་གོ་དང“འབྲེལ་ཐག་གཅོད་པ”ཁྱབ་གདལ་གཏོང་རྩིས་བྱེད་པ་དེའི་ཐོག་ནས་ཨ་རིས་འགྲོ་བ་མིའི་ཐོབ་ཐང་གི་དར་ཆ་བསྒྲེངས་ནས་འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བཤིག་གཏོང་བ་དང་། སྒྲིག་སྲོལ་གྱི་དར་ཆ་བསྒྲེངས་ནས་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བའི་བཙན་དབང་གི་ངོ་བོ་དམར་རྗེན་དུ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་ནས་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ་བསྐྱོད་ཚེ་ཕམ་ཉེས་ཀྱི་མཇུག་འབྲས་ལས་མེད་པ་ཐག་གིས་ཆོད།