འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།མཚོ་སྔོན་གྱིས། ལས་ཤོར་འགན་བཅོལ་ལ་བརྟེན་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་གནད་སྨིན་
དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་13ཉིན། ཞིང་ཆེན་མི་སྤྱི་ཐིང་གིས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་ཟི་ལིང་སྤྱི་སྤྱོད་རླངས་འཁོར་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་སུ་བསྐྱོད་དེ། ལས་ཤོར་འགན་བཅོལ་ལ་བརྟེན་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དྲིལ་བསྒྲགས་དང་། ལས་ཤོར་འགན་བཅོལ་གྱི“ཕྱིར་སློག་དང་། ནར་འགྱངས། གཅོག་པ། ཁ་གསབ། རྒྱ་སྐྱེད”བཅས་ཀྱི་བྱ་ཐབས་ཁག་སྔར་བས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོང་དང་འཕེལ་བར་བྱེད་པ་བཅས་ལ་བརྟེན་ནས་ཁེ་ལས་ཀྱི་དཀའ་ངལ་མཉམ་དུ་སེལ་བར་རམ་འདེགས་བྱས་པ་རེད།
    ཉེ་དུས། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་ཤོར་འགན་བཅོལ་ལ་བརྟེན་ནས་ལས་གནས་བརྟན་པོ་དང་། རྩལ་ནུས་མཐོར་གཏོང་། ལས་ཤོར་སྔོན་འགོག་སོགས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པའི་ནང་ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོའི་ཕྱིར་སློག་མ་དངུལ་སྤྲོད་རྒྱུ་དང་། དཀའ་ངལ་ཡོད་པའི་ལས་རིགས་དང་དེ་བཞིན་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཐོན་སྐྱེད་གཉེར་སྐྱོང་ལ་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཚན་པའི་རྣམ་པར་བརྟེན་ནས་འགན་བཅོལ་ནང་ཞུགས་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་22ལ་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་གྲོན་དངུལ་བསྡུ་རྒྱུ་གནས་སྐབས་ནར་འགྱངས་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ། ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དུས་མཚམས་རང་བཞིན་གྱི་སྒོ་ནས་དམའ་རུ་གཏོང་བའི་སྲིད་ཇུས་2023ལོའི་ཟླ་4ཚེས་30ཉིན་བར་མུ་མཐུད་ལག་བསྟར་བྱ་རྒྱུ། བཟའ་བཏུང་དང་། སིལ་ཚོང་། ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་དང་ལྕགས་ལམ་སྐྱེལ་འདྲེན་བཅས་ཀྱི་ལས་རིགས་དང་ཁེ་ལས་5ལ་འགན་བཅོལ་ནང་དངོས་སུ་ཞུགས་ནས་གྲོན་དངུལ་འཇལ་བའི་ལས་བཟོ་མི་རེར་སྒོར་500ཡི་ཚད་གཞི་ལྟར་ལས་ཐོག་གསོ་སྦྱོང་གི་ཁ་གསབ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ། ཁེ་ལས་ཀྱིས་སློབ་ཐོན་ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་ནས་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ། ལས་ཤོར་འགན་བཅོལ་ནང་ཞུགས་རིགས་ལ་མི་རེར་སྒོར་1500ཡི་ཚད་གཞི་ལྟར་ཁེ་ལས་ལ་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་བཅས་རེད།
    མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས“རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད་ཐུབ་པའི”བྱེད་ཐབས་ལ་བརྟེན་ནས་ཁེ་ལས་9642ལ་ལས་གནས་བརྟན་པོ་དང་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར་1.68སྤྲད་པ་དང་ལས་བཟོའི་ལས་གནས་ཁྲི་34.16བརྟན་དུ་བཏང་སྟེ། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ཐོན་སྐྱེད་སླར་གསོ་ཡོང་བར་ཕན་པ་དངོས་བསྐྲུན་ཡོད། གཞན་ཡང་ཁེ་ལས་510ལ་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་གྲོན་དངུལ་སྒོར་ཁྲི་5780བསྡུ་རྒྱུ་ནར་འགྱངས་བྱ་རྒྱུ་དང་དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་ཤོར་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། ཁེ་ལས་ཀྱི་གྲོན་དངུལ་སྒོར་དུང་ཕྱུར་3.74འཇལ་བའི་ཁུར་པོ་ཡང་དུ་བཏང་བ་རེད།