༄༅།།སི་ཁྲོན་འབར་ཁམས་ཀྱི་ས་ཡོམ་རིམ་པ་6.0གྱི་གནོད་འཚེ་ཕོག་ཁུལ་གྱི་གཏོར་སྐྱོན་ཕོག་པའི་གྲོང་གསེབ་
གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 06ཚེས་21ཉིན། 10:08】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་སི་ཁྲོན་འབར་ཁམས་ཀྱི་ས་ཡོམ་རིམ་པ་6.0གྱི་ཡོམ་འགོག་གེགས་སེལ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་10ཉིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་དུ་ས་ཡོམ་རིམ་པ་6.0བརྒྱབ་པ་དང་གས་ཚད་མཐོ་ཤོས་ཏུའུ་8ཟིན་ཞིང་། རིམ་རྩིས་བྱས་ན། འབར་ཁམས་གྲོང་ཁྱེར་སོགས་རྫོང(གྲོང་ཁྱེར)5དང་། ཤང(གྲོང་རྡལ)68 མི་113950བཅས་ལ་གནོད་འཚེ་ཕོག་པ་དང་། མི་6ལ་རྨས་སྐྱོན་ཕོག་པ། གར་སོང་ཆ་མེད་དུ་གྱུར་པ་དང་རྐྱེན་ལམ་དུ་ཤོར་མཁན་གཅིག་ཀྱང་བྱུང་མེད། མིག་སྔར་གནོད་འཚེ་ཕོག་ཁུལ་གྱི་གཏོར་སྐྱོན་ཕོག་པའི་གྲོང་གསེབ་གཞུང་ལམ་ཁག་81ཚང་མ་ཤར་གཏོང་ཐུབ་པ་དང་། འཕྲལ་སྡོམ་འཕྲིན་གཏོང་དང་གློག་དང་ཆུ་མཁོ་འདོན་སོགས་ཚང་མ་སླར་གསོ་ཐུབ་པ། མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་འདང་ངེས་བྱུང་ཡོད་པ་རེད།
ཚེས་17ཉིན་གྱི་ཆུ་ཚོད་16ཙམ་ལ། ཀྲོའུ་ཡོངས་ཀྱི་འབྲིང་རྒྱུགས་བདེ་འཇགས་དང་བདེ་བླག་ངང་མཇུག་འགྲིལ་བ་དང་། གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭའི་ཁང་པའི་བདེ་འཇགས་དཔྱད་འདོམས་བྱས་འབྲས་ལ་གཞིགས་ནས། འབར་ཁམས་གྲོང་ཁྱེར་གྱི་སློབ་གྲྭ་བདུན་སློབ་ཚན་སླར་གསོ་མ་བྱས་པ་ཕུད། གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ་གཞན་དག་ཚང་མ་སློབ་འགོ་ཚུགས་པ་དང་སློབ་ཚན་སླར་གསོ་བྱས་ཡོད་པ་རེད།
ས་ཡོམ་བརྒྱབ་རྗེས། རྒྱལ་ཁབ་དང་། སི་ཁྲོན་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིས་ས་ཡོམ་གྱི་འཕྲལ་སྡོམ་བརྡ་ལན་མྱུར་དུ་སྤེལ་འགོ་བཙུགས་ནས་རོགས་སྐྱོབ་མི་སྣ་7500ལྷག་ཙམ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་རྒྱུར་ཛ་དྲག་ངང་སྐོང་བསྡུ་བྱས་པ་དང་། སྦྲ་གུར་དང་། སྲིང་བལ་མལ་ཆས། བཟའ་བཅའ། འཐུང་ཆུ་སོགས་འཕྲལ་མཁོ་ཆེ་བའི་གེགས་སེལ་དངོས་ཟོག་71670གཏོང་འདྲེན་བྱས་པ་རེད། མིག་སྔའི་བར་རྨས་སྐྱོན་ཕོག་པའི་མང་ཚོགས་6ཁྲོད་མི་1དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་དེ་བྱིངས་ཀྱི་མི་5ཡི་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་དང་དྲག་སྐྱེད་སྨན་བཅོས་བྱེད་བཞིན་ཡོད་པ་རེད། རིམ་རྩིས་བྱས་ན། མང་ཚོགས་85204གནས་སྤོ་བྱས་པ་རེད། མི་5249ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ། གཅིག་སྡུད་བཀོད་སྒྲིག་ས་ཚིགས་52བཙུགས་ཡོད། ཁང་པའི་བདེ་འཇགས་ཀྱི་འཕྲལ་སྡོམ་ཚོད་སྐོར་བྱས་ནས་རིམ་རྩིས་བྱས་ན། ཁང་པ་སྟར་པ་9548ལ་གྲལ་བཤེར་བྱས་པའི་ནང་། ཁང་པ་སྟར་པ་1869སྤྱོད་རྒྱུ་གཏན་འགོག་བྱས་པ་དང་ཁང་པ་སྟར་པ་3028སྤྱོད་རྒྱུ་ཚོད་འཛིན་བྱས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚེས་17ཉིན་གྱི་དགོང་མོའི་ཆུ་ཚོད་ཀླད་ཀོར་བར་རིམ་རྩིས་བྱས་ན་གནོད་འཚེ་ལས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་20.05ཙམ་ཕོག་ཡོད་པ་རེད།
