འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་20ཉིན།

༄༅།།དབྱིན་ཇིས་མི་འདི་ཨ་རིར་ཁྲིད་སྐྱེལ་བྱེད་པར་ཆོག་མཆན་སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་20ཉིན། 17:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།དབྱིན་ཇིས་མི་འདི་ཨ་རིར་ཁྲིད་སྐྱེལ་བྱེད་པར་ཆོག་མཆན་སྤྲད་འདུག
     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་དབྱིན་ཇིའི་ནང་སྲིད་བློན་ཆེན་ཕ་ཐེར་གྱིས“ཝེ་ཁེ་གསང་རྟོལ”དྲ་ཚིགས་གསར་གཏོད་བྱེད་མཁན་ཀྲུའུ་ལི་ཨན•ཨ་སང་ཆི་ཨ་རིར་ཁྲིད་སྐྱེལ་བྱ་རྒྱུའི་ཆོག་མཆན་གནང་བ་རེད། 
     དབྱིན་ཇིའི་ནང་སྲིད་པུས་དབྱིན་ཇིའི་ཁྲིམས་ཁང་གི་ཁྲུན་ཐག་བཅད་པར་གཞིགས་ན། ཨ་སང་ཆི་ཨ་རིར་ཁྲིད་སྐྱེལ་བྱས་ན་དྲང་གཞག་གི་འདྲི་གཅོད་དང་གཏམ་བརྗོད་རང་དབང་ཐོབ་པའི་དབང་ཆ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགལ་ཡོད་པ་ཤེས་རྟོགས་བྱུང་མེད། ཨ་རིར་སྡོད་རིང་ཁོང་ལ་བདེ་ཐང་དང་འབྲེལ་བ་ཡོད་པའི་ཐོབ་ཐང་ཚུད་པའི་འོས་འཚམ་གྱི་ལྟ་སྟངས་ཐོབ་རྒྱུ་རེད་ཅེས་བཤད།  
     དབྱིན་ཇིའི་ནང་སྲིད་བློན་ཆེན་གྱིས་ཚེས་17ཉིན་ཁྲིད་སྐྱེལ་ཆོག་མཆན་སྤྲད་པའི་གཏན་འབེབས་ལ་དམིགས་ཏེ། ཨ་སང་ཆི་ལ་ཉིན་14ཡི་གོང་གཏུག་བྱེད་པའི་དུས་ཚོད་ཡོད།“ཝེ་ཁེ་གསང་རྟོལ”གྱིས་ཉིན་དེར་གོམ་སྟབས་རྗེས་མར་དབྱིན་ཇིའི་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུག་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་པ་རེད། 
     ད་ལོ་ལོ་50ལ་སླེབས་པའི་ཨ་སང་ཆི་ཡིས་2006ལོར“ཝེ་ཁེ་གསང་རྟོལ”དྲ་ཚིགས་བཙུགས་པ་རེད། 2010ལོར“ཝེ་ཁེ་གསང་རྟོལ”ནང་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་དང་དབྱི་རག་དམག་འཁྲུག་སྐབས་ཀྱི་ཨ་རིའི་ཕྱི་འབྲེལ་གློག་འཕྲིན་དང་། ཨ་དམག་གི་གསང་བའི་ཡིག་ཆ་འབོར་ཆེན་དམར་རྗེན་དུ་བཏོན་ནས་ཨ་དམག་གི་དམག་འཁྲུག་གི་སྡིག་ཉེས་ཐེར་འདོན་བྱས་ཡོད། དེའི་ནང་དབྱི་རག་ཏུ་བཅའ་སྡོད་ཨ་དམག་གི“ཨ་ཕ་ཆིའི”དྲག་ཆས་ཐད་འཕུར་གནམ་གྲུས་གསར་འགོད་པ་དང་མི་སེར་གསོད་པའི་བརྙན་ཞིག་གང་སར་ཁྱབ་ཡོད་པ་རེད། དེའི་རྗེས་སུ་ཨ་སང་ཆི་གཏུག་བཤེར་དུ་ཚུད་པ་དང་། ཨ་རིས་ཁོ་ལ་གསང་མྱུལ་གྱི་ཉེས་མིང་ཁག་17དང་། གློག་ཀླད་བཀོལ་སྤྱོད་འོས་འཚམ་མིན་པའི་ཉེས་མིང་1སྐྱོན་འཛུགས་བྱས། 2019ལོར་ཨ་སང་ཆི་དབྱིན་ཇིར་འཛིན་བཟུང་བྱས་པ་མ་ཟད་བཙོན་དུ་བཅུག དེའི་རྗེས་སུ་ཨ་རིས“ཝེ་ཁེ་གསང་རྟོལ”གྱིས་ཨ་རིའི་འབྲེལ་ཡོད་གསང་བའི་ཡིག་ཆ་ཁྱབ་བསྒྲགས་བྱས་པས་མི་གཞན་གྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོས་པ་རྒྱུ་མཚན་དུ་བྱས་ཏེ་ཨ་སང་ཆི་ཁྲིད་སྐྱེལ་བྱ་རྒྱུའི་རེ་བ་བཏོན་པ་རེད།
     2021ལོའི་ཟླ་1པོར། དབྱིན་ཇིའི་ས་གནས་ཁྲིམས་ཁང་ཞིག་གིས་ཨ་རིར་ཁྲིད་སྐྱེལ་བྱ་རྒྱུའི་རེ་བ་བཏོན་པ་ཁས་མ་བླངས། རྒྱུ་མཚན་ནི་ཨ་སང་ཆི་ལ་ཡི་མུག་ནད་སོགས་སེམས་ནད་ཕོག་ཡོད་པས་ཨ་རི་ལ་ཁྲིད་སྐྱེལ་བྱས་རྗེས་རང་སྲོག་གཅོད་པའི་ཉེན་ཁ་ཅུང་ཆེན་པོ་ཡོད། 2021ལོའི་ཟླ་12པར། དབྱིན་ཇིའི་མཐོ་རིམ་ཁྲིམས་ཁང་གིས་ཨ་རིའི་སྲིད་གཞུང་གིས་ཨ་སང་ཆི་ཁྲིད་སྐྱེལ་ཆོག་པའི་ཁྲུན་ཐག་བཅད་པ་དང་ཆབས་ཅིག མཐོ་རིམ་ཁྲིམས་ཁང་གིས་གྱོད་གཞི་དེ་ས་གནས་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ནས་རྗེས་མཐུད་ཀྱི་བརྒྱུད་རིམ་བརྒྱུད་དགོས་པའི་ཁྲུན་ཐག་བཅད་པ་རེད། ལོན་ཏོན་གྱི་ཝེ་སི་མིན་སི་ཐེ་ས་གནས་ཁྲིམས་ཁང་གིས་ད་ལོའི་ཟླ་4པའི་ཟླ་སྨད་དུ་ཁྲིད་སྐྱེལ་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས། ཨ་སང་ཆི་ཨ་རིར་ཁྲིད་སྐྱེལ་བྱ་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད། གྱོད་དོན་འདིའི་རྗེས་མཐུད་ལས་དོན་དབྱིན་ཇིའི་ནང་སྲིད་པུའུ་ལ་སྤྲད་ནས་ནང་སྲིད་བློན་ཆེན་གྱིས་ཐག་གཅོད་བྱ་རྒྱུ་རེད།