འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་17ཉིན།

༄༅།།ད་ལོར་དམིགས་བསལ་ལས་གནས་ཀྱི་དགེ་རྒན་67000བསྡུ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་17ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས《2022ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་འཛུགས་ལས་གནས་འཆར་གཞི་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཤིང་། རྒྱལ་ཡོངས་སུ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་67000གདན་ཞུ་བྱ་རྩིས་ཡོད་པ་རེད།
   《བརྡ་ཐོ》ཡི་ནང་2022ལོར་ཀྲུང་དབྱང་གི“དམིགས་བསལ་ལས་གནས་ཀྱི་འཆར་གཞི”དེ་སྔར་བཞིན་དབུས་རྒྱུད་དང་ནུབ་རྒྱུད་ཞིང་ཆེན་ལ་ཕྱོགས་ནས་ལག་བསྟར་བྱ་རྒྱུ་དང་། དེ་སྔའི“ལྗོངས་གསུམ་ཁུལ་གསུམ”དང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་། གྲངས་ཉུང་མི་རིགས་ས་ཁུལ་སོགས་ས་ཁུལ་ལ་གཙོ་གནད་ཐོག་ཕྱོགས་དགོས་པ་དང་། གྲོང་གསེབ་ཀྱི་སློབ་གྲྭར་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁ་གསབ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དགེ་རྒན་དཔུང་ཁག་གི་གྲུབ་ཆ་མུ་མཐུད་ལེགས་སུ་གཏོང་བ་དང་། བསམ་བློ་ཆབ་སྲིད་དང་། ལུས་རྩལ་རོལ་དབྱངས་མཛེས་རྩལ་གསུམ་དང་། ཕྱི་རྒྱལ་གྱི་སྐད་ཡིག ཚན་རིག ངལ་རྩོལ། སེམས་ཁམས་བདེ་ཐང་། ཆ་འཕྲིན་ལག་རྩལ། དམིགས་བསལ་སློབ་གསོ་སོགས་རིག་ཚན་དཀོན་ཞན་གྱི་དགེ་རྒན་ཁ་གསབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་གསལ་སྟོན་བྱས་པ་རེད། 
   《བརྡ་ཐོ》ཡི་ནང་ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གདན་ཞུའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས། དུས་ཐོག་ཏུ་གདན་ཞུའི་ཆ་འཕྲིན་རྒྱ་ཁྱབ་ངང་ཡོངས་བསྒྲགས་བྱེད་པ་དང་། ཐེངས་གཅིག་རང་བཞིན་གྱི་རྒྱུགས་བསྡུའི་འཆར་གཞིའི་ནང་ལེགས་སྒྲུབ་བྱས་མེད་པའི་ཞིང་ཆེན་གིས་གཏན་འབེབས་ལྟར་རིམ་པ་བཞིན་གསབ་བསྡུ་བྱེད་པའམ་ཡང་ན་སྙོམས་སྒྲིག་འཆར་གཞིའི་ཐོག་ནས་ཡིག་རྒྱུགས་ཐེངས་གཉིས་པ་སྒྲིག་འཛུགས་བྱས་ཆོག མཐའ་མཚམས་དཀའ་ཚེགས་ཆེ་བའི་ས་ཁུལ་དང་མཁོ་གལ་ཆེ་ཞིང་དཀོན་པའི་ཆེད་ལས་ཀྱི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གདན་ཞུ་བྱེད་སྐབས་གནས་ཚུལ་དངོས་དང་བསྟུན་ནས་རྒྱུགས་ལེན་གྱི་བསྡུར་ཚད་དམའ་རུ་འོས་འཚམ་གཏོང་བའམ་ཡང་ན་རྒྱུགས་ལེན་གྱི་བསྡུར་ཚད་མི་བཟོ་བ། ངོ་རྒྱུགས་གཏོང་དང་ཐད་ཀར་རྟོག་ཞིབ་བྱེད་པའི་བྱ་ཐབས་སྤྱད་དེ་ཡོངས་བསྒྲགས་གདན་ཞུ་བྱས་ནས་སྦྱངས་འབྲས་ཀྱི་ཚད་ལོན་ཚད་གཞི་བཟོས་ཆོག དམིགས་བསལ་མཐའ་མཚམས་དང་དཀའ་ཚེགས་ཆེ་བ། དགེ་རྒན་གནས་མི་ཐུབ་པའི་གནས་ཚུལ་ཚབས་ཆེ་བའི་ས་ཁུལ་དུ་ས་གནས་དེ་གའི་སློབ་ཁུངས་ལ་གཟིགས་སྐྱོང་བྱས་ཆོག་པའི་བླང་བྱ་བཏོན་པ་རེད།
   《བརྡ་ཐོ》ཡི་ནང་ས་གནས་ཁག་གིས་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ཡག་པོ་བྱས་ནས་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་གྱི་གླ་ཕོགས་དུས་ཐོག་ཏུ་གྲངས་ཚང་ངང་སྤྲོད་རྒྱུ་འགན་ལེན་བྱས་ཏེ། གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ནས་ལོ་གསུམ་རིང་གི་ཞབས་ཞུའི་དུས་ཚོད་ཐིམ་ཞིང་། དཔྱད་ཞིབ་ཚད་ལོན་རྗེས།ལས་གནས་ཐོག་སྡོད་རྒྱུར་ཁས་བླངས་པའི་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་དུས་ཐོག་ཏུ་སྒྲིག་ཁོངས་སུ་བཅུག་པ་དང་འབྲེལ་ལས་གནས་དོན་འཁྱོལ་བྱེད་དགོས། དམིགས་བསལ་ལས་གནས་ཀྱི་དགེ་རྒན་གསོ་སྦྱོང་ལས་དོན་ནན་ཏན་ངང་སྤེལ་ནས་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། དམིགས་བསལ་ལས་གནས་དགེ་རྒན་གྱི་ཆ་འཕྲིན་དོ་དམ་ལས་དོན་ཏན་ཏིག་སྤེལ་ནས་དུས་ཐོག་ཏུ་གྲངས་གཞི་ཁ་གསབ་དང་གསར་བརྗེས་བྱེད་དགོས་པའི་ནན་བཤད་བྱས་ཡོད།