འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་17ཉིན།

༄༅།།ཀོང་ཤིས་ས་གཞི་ཆེ་མོར་འབད་འབུངས་གླུ་དབྱངས་ལེན།

——སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀོང་ཤིས་ཀྱི་ལེའུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་17ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཀོང་ཤིས་ཧུའེ་ཅང་མའོ་ནན་རིགས་རང་སྐྱོང་རྫོང་ཏཱ་ཨན་ཤང་ཁེ་ཨའེ་གྲོང་ཚོ་ཡིན་པ།
འདི་ནི་ཀོང་ཤིས་ཧུའེ་ཅང་མའོ་ནན་རིགས་རང་སྐྱོང་རྫོང་ཏཱ་ཨན་ཤང་ཁེ་ཨའེ་གྲོང་ཚོ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་ཐེངས་གཉིས་གནང་ནས་ཀོང་ཤིས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་ཡིད་དུ་འོང་བའི་ཀོང་ཤིས་སྐྲུན་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཀོང་ཤིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀོང་ཤིས་ཀྱི་ས་གཞི་ཆེ་མོའི་ཐོག་དུས་རབས་གསར་པའི་འབད་འབུངས་ཡར་བརྩོན་གྱི་གླུ་དབྱངས་བླངས།
     “ཀོང་ཤིས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྒོ་དབྱེར་ཐུག་ཡོད་ལ། གཏིང་ཤུགས་ཀྱང་སྒོ་དབྱེར་ཐུག་ཡོད”
     2017ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས། ཧོ་ཕུའུ་རྫོང་གི་ཧན་རྒྱལ་རབས་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་ཐེ་ཧྲན་གྲུ་ཁའི་སྤྱི་སྤྱོད་གྲུ་ཁར་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས“ཀོང་ཤིས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྒོ་དབྱེར་ཐུག་ཡོད་ལ། གཏིང་ཤུགས་ཀྱང་སྒོ་དབྱེར་ཐུག་ཡོད”“དམིགས་བསལ་གྱི་ཁུལ་གནས་ལ་གཞི་ཚུགས་ནས‘རྒྱ་མཚོའི’མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། ‘གཙང་པོའི’གསོན་ཤུགས་འཕེལ་བ། ‘མཐའ་མཚམས’ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས”ཞེས་གསུངས་པ་རེད།
     རྒྱབ་ཏུ་ལྷོ་ནུབ་ཆེན་པོ་ཡོད་པ་དང་། གཡོད་ཀང་ཨའོ་དང་འབྲེལ་བ། ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པ་བཅས་ཀྱི་ཀོང་ཤིས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་ལེགས་ཆ་དེ་ཇི་ལྟར་བྱས་ནས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་བྱེད་དགོས་སམ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་2015ལོར་ཀོང་ཤིས་ལ“ངེས་གནས་ཆེན་པོ་གསུམ”སྟེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཁ་ཕྱོགས་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་སྐྲུན་པ་དང་ལྷོ་ནུབ་དང་ལྷོ་དབུས་ས་ཁུལ་གྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་རྟེན་ས་གསར་པ་བཏོད་ནས“རྒྱུད་གཅིག་ལམ་གཅིག”དང་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་སྒོ་མོ་གལ་ཆེན་གཏོད་པའི་ལས་འགན་གསར་པ་བཀོད་སྒྲིག་གནང་བ་རེད།
     2021ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་ལ་རྟོག་ཞིབ་གནང་སྐབས། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་བ། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས་བཅས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་འགན་འཁྲི་གསར་པ་མངོན་པ་བཅས་བྱེད་དགོས་པའི་སྤྱིའི་བླང་བྱ་བཏོན་གནང་བ་རེད།
     རྒྱ་མཚོར་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་སྐྲུན་པའི་བར་དང་། ཀྲུང་གོའི(ཀོང་ཤིས)རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་པ་ནས་སྤུས་ཚད་མཐོ་བའི་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)ལག་བསྟར་བྱེད་པའི་བར་སོགས་ཐད་ཀོང་ཤིས་ཀྱིས་དེ་བས་རང་འགུལ་ངང་སྒོ་དབྱེ་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱས་པ་མ་ཟད། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་ཆེན་པོར་སྣེ་ཁྲིད་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ལོར་ཆ་སྙོམས་8.8%འཕར་བ་དང་མཐའ་མཚམས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 2021ལོར་ཀོང་ཤིས་སུ་འབྱོར་བ་དང་དེ་ནས་བཏང་བའི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་གཏོང་ཚད་6000ལས་བརྒལ་བ་དང་། བྱང་རྒྱུད་མཚོ་ཁུག་གྲུ་ཁས་དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི་600ལས་བརྒལ་ནས་ལོ་5བསྟུད་མར་གྲངས་གནས་གཉིས་འཕར་རྒྱུན་འཁྱོངས་ཐུབ་ཡོད།
     “མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལམ་བུ་གསར་པ་གཏོད་དགོས”
     2021ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའུ་ཀུང་ལ་རྟོག་ཞིབ་གནང་སྐབས“བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད”ཅེས་གསུངས་པ་དང་འབྲེལ“སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་གསར་གཏོད་ནི་ཧ་ཅང་གལ་ཆེན་ཞིག་རེད”ཅེས་ནན་བཤད་ཀྱང་གནང་བ་རེད།
     རྗེས་འཕེལ་ས་ཁུལ་ཞིག་ཡིན་པའི་ཀོང་ཤིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱེད་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལམ་བུ་གསར་པ་གཏོད་དགོས”ཞེས་མཛུབ་སྟོན་གནང་ཡོད། ཀོང་ཤིས་སུ་རྟོག་ཞིབ་ཐེངས་གཉིས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གསར་གཏོད་རྟེན་གཞི་དང་ཁེ་ལས་སོགས་སུ་ཕེབས་ནས་ཀོང་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་གནང་ཡོད།
     ནན་ཉིང·ཀྲུང་ཀོན་གྲོང་ཚོའི་གསར་གཏོད་དཔེ་སྟོན་རྟེན་གཞིར་རྟོག་ཞིབ་གནང་སྐབས“ཡིད་དབང་འགུག་པའི་སྐྱེ་ཁམས་གསར་གཏོད་མ་ལག་གཏོད་དགོས”ཞེས་ནན་བཤད་གནང་བ་དང་། ལྷོ་ལྷོ་ཧ་ཡང་ལས་སྣོན་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས“ངེས་པར་དུ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་བཟོ་ལས་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་གསུངས་པ་རེད། ལིའུ་ཀྲོའུ་དུང་དཀར་ཕྱེ་མ་ཐོན་སྐྱེད་གཅིག་སྡུད་ཁུལ་དུ་ཕེབས་ནས“ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ས་གནས་ཀྱིས་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐབས་མཆོག་ཅིག་རེད”ཅེས་མངགས་བཅོལ་གནང་བ་རེད།
     ཀོང་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་པ་འཕེལ་བ་དང་། སྒུལ་ནུས་གསར་རྙིང་བརྗེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་ཐོན་ལས་སྤུས་རྟགས་ཅན་གྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
     2021ལོར་ཀོང་ཤིས་ཀྱི་བཟོ་ལས་ཐད་བཏང་བའི་མ་དངུལ་འཕར་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་16.1ལས་མཐོ་བ་ཡོད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱིས་བཟོ་ལས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་ནས་དུང་ཕྱུར་སྟོང་རིམ་པའི་བཟོ་ལས་ཐོན་ལས་ཚོགས་པ་10ཡོད། ནང་འབར་འཕྲུལ་འཁོར་དང་། ལས་གྲྭའི་འཕྲུལ་ཆས། སྤྱི་སྤྱོད་རླངས་འཁོར་སོགས་ཐོན་སྐྱེད་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་རྒྱལ་ཡོངས་ཀྱི་བཅུ་ཆ་བདུན་བཟུང་ཡོད།
     སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར“ལྗང་མདོག”ནི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀོང་ཤིས་ཀྱི་སྐྱེ་ཁམས་ལེགས་ཆ་གསེར་ལས་རྩ་ཆེ”ཞེས་ནན་བཤད་གནང་བ་རེད།
     2021ལོའི་ཟླ་4པར། ལི་ཅང་གཙང་པོའི་ངོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཀྱི་བློ་མཐུན་ཚོར“ཀུའེ་ལིན་གྱི་རི་ཀླུང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཁྱེད་ཚོའི་འགན་འཁྲི་ཨང་དང་པོ་རེད”ཅེས་གསུངས་པ་རེད།
     ཀུའེ་ལིན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲུའུ་ཀྲུང་ཁྲང་གིས། ཀུའེ་ལིན་གྱིས་ལི་ཅང་གཙང་པོའི་རྒྱུད་ཀྱི་སྲེག་མ་ར་བ་སྒོ་བརྒྱབ་ནས་སྔོ་ལྗང་སླར་གསོ་བྱས་པ་དང་མཛེས་ལྗོངས་གྲགས་ཅན་ཁུལ་ནང་གི་གསོ་ཚགས་ར་བ་ཚང་མ་སྒོ་བརྒྱབ་པ་མ་ཟད། སྔ་རྗེས་སུ་སྒོར་དུང་ཕྱུར་བཅུ་གྲངས་བཏང་ནས་བཙོག་ཆུ་ཕྱིར་འབུད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། ད་ཆ་ལི་ཅང་གཙང་པོ་རྒྱུག་ཁུལ་དུ་ནགས་ཚལ་ཁྱབ་ཚད་80%ལས་བརྒལ་བ་དང་ཆུ་གཞུང་ཨ་མའི་ཆུ་སྤུས་ལོ་ལྟར་རིགས་IIཀྱི་ཚད་གཞི་རྒྱུན་འཁྱོངས་ཐུབ་ཡོད།
     “‘རྒྱལ་ཁབ་ཀྱི་དོན་ཆེན’ནི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་ཡིན”
     2021ལོའི་ཟླ་4པར། ཀུའེ་ལིན་མའོ་ཀྲུའུ་ཧྲན་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གྲོང་མི་ཝང་ཏེ་ལི་བཀའ་མོལ་དེ་འདྲ་གནང་བ་སྟེ།
     “སྤྱི་ཁྱབ་ཧྲུའུ་ཅི་ལགས། ཁྱེད་རྒྱུན་དུ་ཐུགས་བྲེལ་ཆེ་ཡང་ང་ཚོར་གཟིགས་པར་ཕེབས་པས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།
     “མང་ཚོགས་ཀྱི་བྱ་བ་བསྒྲུབ་རྒྱུ་ནི་ངའི་ལས་ཀ་ཡིན། ‘རྒྱལ་ཁབ་ཀྱི་དོན་ཆེན’ནི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་ཡིན”ཞེས་གསུངས།
     “གསར་བརྗེའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། རི་ཁུལ། ཆུ་མཛོད”བཅས་གཞི་གཅིག་ཅན་གྱི་ཀོང་ཤིས་ནི་སྔོན་མ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཡིན་ཞིང་། “དབུལ་སྐྱོར་འགག་སྒྲོལ་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས” “གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་མི་ལུས་པ་བྱེད་དགོས” ཀྲོང་ཤང་གི་མི་སེར་འབྱོར་འབྲིང་ཡོང་བ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་པའི་བྱ་བ་ཞིག་ཡིན།
     ཀོང་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་634ལ་དམིགས་ཏེ་གནད་སྨིན་ཇུས་བསྟར་དང་གྲོང་ཚོ་དབུལ་པོ་5379ལ་ཕྱོགས་ཡོངས་ནས་གནད་སྨིན་རོགས་སྐྱོར་བྱས་ཡོད། 2020ལོའི་ཟླ་11པར། ཀོང་ཤིས་ཀྱི་མཐའ་མཇུག་གི་རྫོང་དབུལ་པོ་8དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་པས་ཀྲོང་ཤང་གི་ལོ་ངོ་སྟོང་གི་དབུལ་པོ་དབུལ་ནག་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།
     དབུལ་སྒྲོལ་ཐུབ་རྗེས་ཀྲོང་ཤང་མི་དམངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ཀྲུའུ་ཧྲན་གྲོང་ཚོར་རྟོག་ཞིབ་གནང་སྐབས“གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཏིང་ཟབ་ཚད་དང་། ཁྱབ་ཆེ་ཚད། དཀའ་གནད་བཅས་ཚང་མ་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས། ངལ་གསོ་བའི་བསམ་བློ་གཏན་ནས་ཡོད་མི་རུང”ཞེས་གསུངས་པ་རེད།
     ཀོང་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ནགས་ཚལ་དང་། ཤིང་འབྲས། སྔོ་ཚལ། ཕྱུགས་རིགས། མངར་ཆ་སོགས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ཚོགས་པ་ཧུར་ཐག་བཏོད་ཡོད། 2021ལོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་116.9བཏང་བ་དང་རིམ་རྩིས་བྱས་ན“ཀུའེ་ལིན་རྟགས་ཅན”གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་1577འཕེལ་རྒྱས་བཏང་བས་ས་ཁོངས་ཧྲིལ་པོ་དང་། མི་སྣ་ཡོངས། ཕྱོགས་ཡོངས་བཅས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད།
     2021ལོའི་ཟླ་4པར། ཀོང་ཤིས་ཆན་ཀྲོའུ་ཡི་དམར་དམག་རྒྱང་སྐྱོད་ཤང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་ལམ་གསར་པའི་ཐོག་ང་ཚོས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་པོ་འཛུགས་དགོས”ཞེས་ནན་བཤད་གནང་བ་རེད། ཀོང་ཤིས་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅིས“ང་ཚོས་གོམ་པ་སྤོ་མཚམས་འཇོག་མི་རུང་། གོམ་སྟབས་རྗེས་མར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པར་སྐྱོད་དགོས་པས་མི་རིགས་གཅིག་ཀྱང་ལུས་མི་རུང་། འབད་འབུངས་ཡར་བརྩོན་གྱིས་སླར་ཡང་རྒྱང་སྐྱོད་བྱེད་དགོས”ཞེས་གསུངས་པ་རེད།