འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་17ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་17ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དམངས་ཁྲོད་ཀྱི་མ་འཇོག་ལ་རྒྱབ་སྐྱོར་དང་གཅིག་གོ་མང་ཆོད་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཀོད་སྒྲིག་བྱས་ཏེ་ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་འཛད་སྤྱོད་དང་ལས་ཞུགས་ལ་སྐུལ་ཁྲིད་དེ་བས་ཡག་པོ་བྱེད་པ་དང་། དུས་མཚམས་རང་བཞིན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ཚན་པས་གྲོན་དངུལ་འཇལ་རྒྱུ་ནར་འགྱངས་བྱས་ནས་དཀའ་ངལ་སེལ་བ་དང་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྲོན་བསྡུ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས་ནས་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
     ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་སྤྱིའི་བསམ་ཕྱོགས་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་གཞིགས་ཏེ་མིག་སྔའི་བརྟན་པོའི་ངང་འཕར་བར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དུས་ཚོད་དམ་འཛིན་དང་བར་མཚམས་སྙོམས་སྒྲིག་ལ་དོ་སྣང་ཆེན་པོ་བྱས་ཏེ་བློ་ཐག་ཆོད་པོས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་འདོན་དགོས་རིགས་འདོན་གང་ཐུབ་བྱེད་དགོས་ལ་དངུལ་ལོར་འགྲེམས་ཐལ་མི་ཤོར་བ་དང་མ་འོངས་པར་འགྲོ་སོང་ཚད་བརྒལ་མི་གཏོང་བའང་བྱས་ཏེ། ཁྲོམ་རའི་བྱེད་པོའི་ལས་ཞུགས་འགན་སྲུང་དང་ཟོག་གོང་བརྟན་པོ་ཡོང་རྒྱུར་ཤུགས་རྒྱག་དགོས་པ་དང་གཞི་ཆེའི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བ་བྱེད་དགོས་ལུགས་བསྟན་ཡོད།
     ཚོགས་འདུའི་ཐོག་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བར་ཞན་ཆ་གསབ་ཐུབ་པ་དང་གྲུབ་ཆ་ལེགས་སྒྲིག་བྱེད་ཐུབ་པ་དགོས་ལ་འཛད་སྤྱོད་ལ་བརྟེན་ནས་ལས་ཞུགས་རྒྱ་ཆེར་གཏོང་ཐུབ་པའི་གཅིག་གོ་མང་ཆོད་ཀྱི་རྣམ་གྲངས་གཉེར་རྒྱུར་སྣང་ཆེན་བྱས་ནས་ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་བྱེད་དགོས། དམངས་ཁྲོད་མ་འཇོག་གིས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་གི་ཕྱེད་ཀ་ཡན་བཟུང་ཡོད་པས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲོམ་རའི་ཐབས་ཤེས་དང་སྒྱུར་བཅོས་ཀྱི་བྱེད་ཐབས་སྤྱད་དེ་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་འཕེལ་བར་བྱེད་དགོས་པ་སྟེ། གཅིག་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གི་ལས་གྲྭ་གལ་ཆེན་ཁག་102དང་རྒྱལ་ཁབ་ཀྱིས་ཁ་གསལ་བཟོས་པའི་གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་ནས་དཔེ་སྟོན་རྣམ་གྲངས་ཁག་གཅིག་བདམས་ཏེ་དམངས་ཁྲོད་མ་རྩ་འགུགས་ཐབས་བྱེད་དགོས་པ་དང་གཏན་འཁེལ་ཟིན་པའི་འགྲིམ་འགྲུལ་དང་ཆུ་བེད་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་སུས་འཇོན་དེ་འགུག་བྱེད་རིང་དམངས་ཁྲོད་མ་འཇོག་ལ་ལྟ་སྟངས་གཅིག་གྱུར་འཛིན་པ་དང་འབྲེལ་རྒུད་གསབ་ལས་སྤྲོད་ཀྱི་ཞིབ་ཕྲའི་བྱ་ཐབས་གང་མགྱོགས་འདོན་དགོས། གཉིས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དམངས་ཁྲོད་མ་འཇོག་གི་འགྲོ་ལུགས་གཉེར་བའི་ལས་ཕྱོད་ཆེ་རུ་བཏང་ནས་རྣམ་གྲངས་ཆེ་གྲས་ས་གནས་ཀྱི་གཙོ་གནད་རྣམ་གྲངས་མཛོད་ནང་འཇུག་པ་མ་ཟད་ས་ཆ་སྤྱོད་པ་སོགས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་ཁག་གིས་དམངས་ཁྲོད་མ་འཇོག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྲིད་ཇུས་ཀྱི་ཁས་ལེན་ལག་བསྟར་ནན་པོ་བྱེད་པ། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་དམངས་ཁྲོད་མ་རྩ་འཕེལ་རྒྱས་དང་ལས་གཏོད་མ་འཇོག་ལ་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་དངུལ་རྩའི་སྒྲིག་གཞིས་དངུལ་བུན་མུ་མཐུད་གཏོང་བ་དང་དུས་ཚོད་ནར་འགྱངས་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམངས་ཁྲོད་མ་འཇོག་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་སྲིད་གཞུང་རང་བཞིན་གྱི་མ་རྩ་བསྡུ་སྒྲིལ་གྱི་ཁག་ཐེག་མཁོ་འདོན་བྱེད་དགོས་པ། དམངས་ཁྲོད་མ་འཇོག་ལ་ཕྱོགས་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཡིད་རྟོན་མངགས་བཅོལ་ཐེབས་རྩའི་རྣམ་གྲངས་གང་མགྱོགས་འདོན་དགོས་པ། དམངས་གཉེར་ཁེ་ལས་ཁྲོམ་ར་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་རྒྱུར་སྐུལ་ལྕག་བྱེད་དགོས་པ་བཅས་བཏོན་ཡོད།