འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་17ཉིན།

༄༅།།མཚོ་སྔོན་གྱིས། “སླར་ཡང་ཤུགས་རྒྱག་པ་དྲུག”ལ་བརྟེན་ནས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་
ཇུས་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་17ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ཟླ་6ཚེས་15ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་འཕྲལ་མར་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་ཕྲ་བཟོས་ཏེ། དཔལ་འབྱོར་བརྟན་པོ་དང་ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་བར་དུས་ཐོག་ཆར་པ་བཞིན་ཕན་ཐོགས་པ་བྱེད་རྒྱུ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་6གི་ཁེ་ལས་ཆེ་འབྲིང་ལ་ཚབ་འཕྲི་ཁྲལ་སློག་བྱེད་མགྱོགས་སུ་བཏང་ནས། ཟླ་6ཚེས་30ཉིན་གྱི་གོང་ཕུང་གསོག་ཐེབས་པའི་ཚབ་འཕྲིའི་ཁྲལ་འབབ་གཅིག་སྡུད་ཐོག་ཕྱིར་སློག་ཐུབ་པ་བྱ་རྒྱུ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་སོགས་ལས་རིགས་7གྱི་ཁེ་ལས་ཚབ་འཕྲི་ཁྲལ་སློག་གི་ཁྱབ་ཁོངས་སུ་འཇུག་རྒྱུ། ཟླ་དྲུག་པའི་ཟླ་མཇུག་གོང་ཀྲུང་དབྱང་ནོར་སྲིད་ཀྱིས་གཞི་རིམ་ལ་ཁྲལ་རིན་གཉིས་གཅོག་དང་གཙོ་གནད་དམངས་འཚོ་དོན་འཁྱོལ་སོགས་ལ་རྒྱབ་སྐྱོར་བྱེད་པའི་སྤོ་སྒྱུར་གཏོང་སྤྲོད་ཀྱི་མ་དངུལ་ཁག་གསུམ་པ་གཤམ་སྤྲོད་བཅས་བྱས་ཏེ། རིམ་ཁག་ནོར་སྲིད་ལ་ཚབ་སྒྲིག་སྔོན་རྩིས་དེ་ཟླ་བདུན་པའི་ཟླ་མཇུག་གོང་གཤམ་སྤྲོད་དང་། ལོ་གོང་མའི་བསྡོམས་རྩིས་དང་སྤོ་སྒྱུར་མ་དངུལ་ཟླ་དྲུག་པའི་ཟླ་མཇུག་གོང་གཤམ་སྤྲོད། གོང་རིམ་གྱི་ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་ཀྱི་མ་དངུལ་འབྱོར་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་གཤམ་སྤྲོད་བྱེད་དགོས་པའི་བླང་བྱ་འདོན་རྒྱུ། ནོར་སྲིད་མཛོད་དངུལ་བཀོད་གཏོང་ལ་ཤུགས་སྣོན་རྒྱག་རྒྱུ། ནོར་སྲིད་གསོག་འཇོག་མ་དངུལ་ཚུར་བསྡུ་དང་བེད་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལོ་ཧྲིལ་པོའི་མ་དངུལ་གསོག་ཚད་གང་འགབ་ཅི་སྤྱོད་བྱེད་ཚད་90%ཡན་ཟིན་པ་བྱ་རྒྱུ། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ལ་ཕྱོགས་པའི་སྲིད་གཞུང་གི་ཉོ་སྒྲུབ་རིན་གོང་གཅོག་ཚད་ཀྱི་བསྡུར་གྲངས་10%ནས་20%བར་མཐོ་རུ་བཏང་སྟེ། ཁེ་ལས་འབྲིང་ཆུང་སྲིད་གཞུང་གི་ཉོ་སྒྲུབ་ནང་ཞུགས་པའི་སྔོན་འཇོག་སྐལ་གྲངས་སྐབས་ཤིག་རིང་40%ཡན་མཐོ་རུ་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལ་གྱོང་གུན་དང་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒྲིག་གཞིའི་དངུལ་བུན་ཚབ་སྤྲོད་ཀྱི་གྱོང་གུན་ཕོག་པར་ཁ་གསབ་དངུལ་20%ནས་30%བར་སྤྲོད་རྒྱུ། ཟླ་བརྒྱད་པའི་ཟླ་མཇུག་གོང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་15ཟིན་པའི་སྲིད་གཞུང་གི་མ་འཇོག་ཐེབས་རྩ་ཨ་མ་འཛུགས་རྒྱུ། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་རིང་གི་དངུལ་བུན་གྱི་བསྡུར་ཚད་ངེས་ཅན་ལ་གཞིགས་ཏེ་སྐྱེད་ཚད་སྒོར་ཁྲི་100ལས་མི་བརྒལ་བར་སྤྲོད་རྒྱུ་མ་ཟད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། སྒེར་གཉེར་བཟོ་ཚོང་ཚོང་དུད། དཀའ་ངལ་ཡོད་པའི་ལས་རིགས་ཁག་གཅིག་བཅས་ལ་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་བསྡུ་རྒྱུ་ནར་འགྱངས་ཀྱི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཏེ་ཆ་རྐྱེན་འཛོམས་ཤིང་དཀའ་ངལ་ཡོད་པའི་ཁེ་ལས་གཞན་དག་ལའང་ཁྱབ་པར་བྱ་རྒྱུ། ལས་ཤོར་འགན་བཅོལ་གྱི་ལས་ཐོག་ལས་བཟོའི་གསོ་སྦྱོང་ལ་ཁ་གསབ་སྤྲོད་ཐེངས་གཅིག་གི་ཕན་པའི་ཁྱབ་ཁྱོན་ཆེ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་རྒྱ་སྐྱེད་ཀྱི་སྤྲོད་ཐེངས་གཅིག་གི་ཁ་གསབ་སྤྲོད་རྒྱུ་བཅས་རེད།
   དེ་དང་ཆབས་ཅིག་རྫོང་དང་ཆུས་ཀྱི་ནོར་སྲིད་ཆེད་སྤྱོད་མ་དངུལ་གཤམ་སྤྲོད་དང་ཁ་གསབ་བྱས་པའི་རྨང་གཞིའི་ཐོག་སླར་ཡང་ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་འཕར་མ་སྒོར་དུང་ཕྱུར་20གཤམ་སྤྲོད་བྱ་རྒྱུའི་ནང་། ཟླ་དྲུག་པའི་ཟླ་མཇུག་གོང་སྒོར་དུང་ཕྱུར་10དང་ཞིང་འབྲོག་ལས་ཀྱི་གཞན་སྒྱུར་མི་འབོར་གྲོང་མིར་བསྒྱུར་བའི་ཁ་གསབ་འཕར་མ་སྒོར་དུང་ཕྱུར་0.5གཤམ་སྤྲོད་བྱ་རྒྱུ་དང་། ཀྲུང་དབྱང་གི་རྫོང་རིམ་པའི་གཞི་རྩའི་ནོར་སྲིད་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་ཀྱི་མ་དངུལ་ཚང་མ་རྫོང་དང་ཆུས་ལ་གཤམ་སྤྲོད་བྱེད་རྒྱུ་ཚུད་ཡོད། ཆེད་དོན་བུན་འཛིན་རྣམ་གྲངས་འཆར་འགོད་དང་། གསོག་འཇོག ལེགས་འདེམས། ཞིབ་བཤེར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཆེད་དོན་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་ཀྱི་ལས་འགན་དམ་འཛིན་བྱས་ནས་ལེགས་གྲུབ་ཡོང་བ་བྱ་རྒྱུ་རེད།
   གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་ནོར་ཁྲལ་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་དང་ལས་ཀའི་རྩིས་ཁྲ་ཞིབ་ཚགས་སུ་གཏོང་བ་དང་། ལས་འགན་ཁ་གསལ་བཟོ་བ། འགན་འཁྲི་དོན་འཁྱོལ་བྱེད་པ། ལས་ཀའི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ནོར་སྲིད་ཀྱི་སྲིད་ཇུས་དང་མ་དངུལ་ཁེ་ལས་དང་། མི་སྒེར། གཞི་རིམ་བཅས་ལ་གང་མགྱོགས་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་བརྟན་པོ་དང་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་བར་སྲིད་ཇུས་ཀྱི་ནུས་པ་སྔར་ལས་ཆེ་བ་དང་དེ་བས་ལེགས་པ་འདོན་རྒྱུ་རེད།