འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་15ཉིན།

༄༅།།འགྲུལ་བཞུད་དང་འབྲེལ་ཐུག་གནས་ཚུལ་སྦ་གསང་བྱས་ནས་མི་མང་པོར་རིམས་ནད་འགོས་པས་ཟི་ལིང་གི་
མི་གསུམ་ལ་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་15ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཁུལ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་དང་། ཡེ་ཆེ་གེ་མོ་ཀ་པ། ཡེ་ཆེ་གེ་མོ་ཁ་པ་བཅས་ཀྱིས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ཏེ་ཞིབ་གཅོད་བྱས་པ་དང་འབྲེལ་རང་སར་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ནག་ཉེས་བསགས་པར་བརྟེན་དུས་བཀག་བཙོན་འཇུག་ལོ་གསུམ་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཡེ་ཆེ་གེ་མོ་ཀ་པས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ནག་ཉེས་བསགས་པར་བརྟེན་དུས་བཀག་བཙོན་འཇུག་ལོ་གཅིག་བྱས་པ་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གཉིས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ཡེ་ཆེ་གེ་མོ་ཁ་པས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ནག་ཉེས་བསཌ་པ་དང་ཉེས་དོན་ཆད་གཅོད་བྱས་མེད་པ་རེད།
   ཁྲིམས་ཁང་གིས་ཞིབ་དཔྱོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་དང་ཡེ་ཆེ་གེ་མོ་ཁ་པ་བཟའ་ཚོ་གཉིས་དང་དེ་བཞིན་ཞུ་སྦྱོར་ཕྱི་མ་ཡེ་ཆེ་གེ་མོ་ཀ་པས་ཧྲང་ཧའེ་གྲོང་ཁྱེར་རུ་འཐེན་ཐུག་ཁང་ཞིག་བཙུགས་ཤིང་། 2022ལོའི་ཟླ་3ཚེས་30ཉིན་ཞུ་སྦྱོར་ཕྱི་མ་གསུམ་པོས་ཧྲང་ཧའེ་ཡི་རིམས་འགོག་ཚོད་འཛིན་བྱེད་ཐབས་ལས་འགལ་ནས་མཱ་ཆེ་གེ་མོ་བཟའ་ཚོ་གཉིས་ཀྱི་བུ་མོ་གཉིས་ཁྲིད་དེ་རླངས་འཁོར་བཏང་སྟེ་ཟི་ལིང་དུ་བསྐྱོད། ཟླ་4ཚེས་1ཉིན་ཟི་ལིང་དུ་འབྱོར་རྗེས་ཞུ་སྦྱོར་ཕྱི་མ་གསུམ་པོས་ཟི་ལིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལས་འགལ་ནས་གཏན་འབེབས་ལྟར་འཕྲལ་མ་ཉིད་དུ་སྡེ་ཁུལ་དུ་སྙན་སེང་ཞུས་མེད་པ་དང་རང་དགར་ཕྱི་ཕྱོགས་སུ་དངོས་ཟོག་ཉོ་བར་ཕྱིན་པ། ཟ་ཁང་ཞིག་ཏུ་ལྟོ་ཆས་བཟས་པ། དེ་རྗེས་སླར་ཡང་མཱ་ཆེ་གེ་མོའི་ཕ་མའི་ཁྱིམ་དུ་གཉེན་ཉེ་དང་མཉམ་འཛོམས་བྱས་པ་བཅས་རེད། རྗེས་སུ་སྡེ་ཁུལ་ལ་སྙན་སེང་ཞུ་སྐབས་ཧྲང་ཧའེ་དང་མཚོ་སྔོན་དུ་འགྲུལ་བཞུད་བྱས་པའི་ལོ་རྒྱུས་དང་དེ་བཞིན་ནད་འགོག་གཞི་རྐྱེན་བརྟག་དཔྱད་རྒྱུན་གཏན་དང་མི་འདྲ་བའི་མི་སྣ་དང་འབྲེལ་གཏུག་བྱས་པའི་གནས་ཚུལ་སྦ་གསང་བྱས་པ་རེད། ཉིན་གཉིས་པར་མཱ་ཆེ་གེ་མོ་སོགས་མི་ལྔ་པོའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པ་མངོན་པ་དང་དེ་རྗེས་ཚང་མར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་རྟགས་གཏན་འཁེལ་བྱས་པ་མ་ཟད། རིམས་ནད་མཆེད་དེ་མི་124(དེའི་ཁྲོད་ནད་ལྕིའི་ནད་པ་2དང་། ནད་པ་དཀྱུས་མ་2 ནད་ཚབས་ཆུང་བའི་ནད་པ་55 ནད་རྟགས་མེད་པའི་ནད་པ་65)ལ་རིམས་ནད་འགོས་པ་དང་ད་ཆ་ཚང་མ་དྲག་སྐྱེད་བྱུང་བ་རེད།
    ཁྲིམས་ཁང་གིས་ཞིབ་དཔྱོད་བྱེད་སྐབས། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་དང་། ཡེ་ཆེ་གེ་མོ་ཀ་པ། ཡེ་ཆེ་གེ་མོ་ཁ་པ་བཅས་ཀྱིས་འགོ་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་འགོ་ནད་འགོག་བཅོས་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དང་ལེན་མ་བྱས་པའི་དབང་གིས་ཟི་ལིང་དུ་ཏོག་གསར་གློ་ཚད་རིམས་ནད་མཆེད་པ་དེས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ནག་ཉེས་བསགས་ཡོད། ཞུ་སྦྱོར་ཕྱི་མ་གསུམ་གྱི་ཉེས་གསོག་དོན་དངོས་ལ་གཞིགས་པ་དང་མི་གསུམ་པོའི་རང་ངོས་ཀྱི་ནག་ཉེས་དང་། ཕྱི་ཚུལ་གྱི་བྱེད་སྤྱོད། ཉེན་ཁའི་མཇུག་འབྲས། ནག་ཉེས་ཁས་ལེན་དང་འགྱོད་གཤགས་བཅས་ཀྱི་རྣམ་འགྱུར་ལ་ཕྱོགས་བསྡུས་བརྡར་གཅོད་བྱས་པ་དང་ནག་ཉེས་ཆད་གཅོད་ཀྱི་རྩ་དོན་ལྟར་གོང་གསལ་གྱི་ཁྲིམས་ཐག་གཅོད་རྒྱུའི་ངོས་འཛིན་བྱས་པ་རེད།
   ཁྲིམས་རར་ཞིབ་དཔྱོད་བྱེད་རིང་ཁྲིམས་ཁང་གིས་དོན་དངོས་གཏན་འཁེལ་དང་། བཅའ་ཁྲིམས་སྤྱད་འཐུས། ཉེས་ཆད་གཅོད་ཚད་སོགས་མདོ་གནད་ལ་དམིགས་ཏེ་ཁྲིམས་རར་འདུམ་འགྲིག་དང་། གདོང་བཤེར་ར་སྤྲོད་དང་ཁས་ལེན་དཔང་འདོན། ཁྲིམས་རའི་རྩོད་བཤེར་བཅས་བྱས་པ་དང་ཞུ་སྦྱོར་ཕྱི་མ་གསུམ་པོས་ནག་ཉེས་ངོས་འཛིན་དང་ཁས་ལེན་བྱས་པ་རེད། ཁྲིམས་རར་གཏུག་རྩོད་བསམ་འཆར་དང་ཞུ་སྦྱོར་ཕྱི་མ་གསུམ་པོའི་མཐའ་མའི་གསལ་བཤད་ཉན་རྗེས་ཁྲིམས་ལྟར་རང་སར་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་དེ་རྗེས་ཞུ་སྦྱོར་ཕྱི་མ་གསུམ་པོས་བཅད་ཁྲ་དང་ལེན་ཞུས་ཏེ་གོང་གཏུག་བྱེད་ཀྱི་མིན་ཞེས་བཤད་པ་རེད།