འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་ལོ་གསུམ་ནང་རྒྱལ་ཁབ་ས་ཆ་མུའུ་ཁྲི་1305སྔོ་འགྱུར་བྱ་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་14ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་ལོ་གསུམ་ནང་རྒྱལ་ཁབ་ས་ཆ་མུའུ་ཁྲི་1305སྔོ་འགྱུར་བྱ་རྩིས་ཡོད་པའི་ནང་ནགས་བཟོ་མུའུ་ཁྲི་553དང་རྩྭ་ཐང་བཅོས་སྐྱོང་མུའུ་ཁྲི་752ཟིན་གྱི་ཡོད་པ་རེད།
   འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས《རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར(2023ལོ་ནས་2025ལོ་བར)ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ》སྒྲིག་བཟོ་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭར་མངོན་གསལ་དོད་པོས་དམ་འཛིན་བྱེད་པ་དང་། ལོ་འཁོར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་འགན་གནད་སྨིན་ངང་ཁག་བགོས་གཤམ་སྤྲོད་བྱེད་པ། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྒྲིག་འཛུགས་གཏིང་ཟབ་བྱེད་པ་བཅས་བྱས་ནས་ནགས་ལས་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་ནས་བཀོད་སྒྲིག་ལུགས་མཐུན་དང་། ཡུལ་བབ་དང་སྔོ་འགྱུར་ལ་འཚམ་པ། ནུས་པས་ལྕོགས་ཚོད། སྐྱེ་ཤིང་འཚམ་སར་སྐྱེ་ཤིང་འདེབས་པ་དང་། རྩྭ་འཚམ་སར་རྩྭ་འདེབས་པ། འདམ་ར་འཚམ་སར་འདམ་ར་བཟོ་བ། ཐང་རྒོད་འཚམ་སར་ཐང་རྒོད་དུ་འཇོག་པ། སྡོང་ཐུང་སྡོང་རིང་ཟུང་འབྲེལ་བྱེད་པ། ནགས་ལས་དང་རྩྭ་ཐང་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྡོང་ཕྲན་ནགས་བཟོའི་བསྡུར་ཚད་ཆེ་རུ་གཏོང་བར་སྣང་ཆེན་བྱས་ནས་ས་ཆ་དེ་རང་དུ་སྐྱེ་འཚར་ལ་འཚམ་པའི་ཤིང་སྣ་དང་རྩྭ་སོན་སྔོན་ལ་འདེམས་སྤྱོད་བྱ་རྒྱུ་ཡིན་པ་རེད།
    ནགས(རྩྭ)དཔོན་ལམ་ལུགས་དང་། འགན་གཙང་གཉིས་དང་མཉམ་འགུལ་ལྔའི་ལམ་ལུགས། ཆེད་དོན་ལྟ་སྐུལ་སྣེ་ཁྲིད་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱས་ཏེ་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ནགས་ལས་དང་རྩྭ་ཐང་ཐོན་ཁུངས་ཀྱི་དོ་དམ་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ནགས་ལས་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ནགས་ལས་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ཁྲིམས་འགལ་ངང་ནགས་ས་བེད་སྤྱོད་བཏང་བའི་གནད་དོན་282ལ་མིང་སྦྱར་ལྟ་སྐུལ་བྱས་པ་རེད། གསོམ་སྡོང་གི་གནོད་འབུ་སོགས་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པས་ཞིང་ཆེན་ཡོངས་སུ་ཕྱི་ནས་ཡོང་བའི་གནོད་ཡོད་སྐྱེ་དངོས་ཀྱི་གནོད་འཚེ་ཚབས་ཆེན་དང་གཞི་ཁྱོན་ཆེ་ལ་ཚོད་འཛིན་མི་ཐུབ་པའི་སྐྱེ་དངོས་ཀྱི་གནོད་འཚེ་ཐོན་མེད་པ་རེད།
   རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་གྲངས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། མུ་ལི་གཏེར་ཁུལ་གྱི་རྩྭ་འདེབས་དང་སྔོ་ལྗང་སླར་གསོ་ལས་གྲྭ་ཏན་ཏིག་ངང་སྤེལ་བ་རེད། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭར་ཟླ་བ་རེར་བཀོད་གཏོང་གི་ལས་ཀའི་ལམ་སྲོལ་བཙུགས་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོ་དང་རྩྭ་ཐང་ཞན་འགྱུར་བཅོས་སྒྲིག་སླར་གསོ་སོགས་ཀྱི་ལས་གྲྭའི་འཕེལ་རིམ་བཀོད་སྒྲིག་བྱས་ཏེ་རྣམ་གྲངས་ལག་བསྟར་ཚན་པས་ལས་ཡུན་དམ་འཛིན་དང་འཕེལ་རིམ་མགྱོགས་སུ་གཏོང་བར་ལྟ་སྐུལ་བྱས་ནས་སྤུས་ཚད་མཐོ་པོས་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་པ་རེད།