འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་13ཉིན།

༄༅།།བོད་སྨན་གྱིས་ཏོག་གསར་ནད་ལ་ཕན་ནུས་ཆེན་པོ་ཐོན་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་13ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་སྨན་གྱིས་ཏོག་གསར་ནད་ལ་ཕན་ནུས་ཆེན་པོ་ཐོན་འདུག
   མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་5པར། མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མགྱོགས་མྱུར་ངང་ཏོག་གསར་གློ་ཚད་སྐྱོབ་བཅོས་བྱེད་མཁན་བོད་ལུགས་གསོ་རིག་མཁས་པའི་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་སྐྱོབ་བཅོས་ལས་དོན་ནང་ཞུགས་པ་དང་།དམིགས་འཛུགས་སྐྱོབ་བཅོས་སྨན་ཁང་གི་ལོགས་བཀར་ནད་ཁུལ་དུ་རྐང་འཛིན་སྨན་པ་མངགས་ནསཏོག་གསར་གློ་ཚད་ཕོག་མཁན་སྐྱོབ་བཅོས་ནང་ཁྱོན་ཡོངས་ནས་ཞུགས་ཡོད་པ་རེད།
   བོད་ལུགས་གསོ་རིག་མཁས་པ་རྣམས་ཉིན་ལྟར་ཞིང་ཆེན་རིམ་པའི་ཆེད་མཁས་ཚོ་ཆུང་གི་ལྷན་འཛོམས་ནད་དཔྱད་ནང་ཞུགས་ནས《མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་བོད་ལུགས་འགོག་བཅོས་ཇུས་གཞིའི(ཚོད་ལྟའི་པར་གཞི་གསུམ་པ)》ལ་གཞིགས་ནས་དབྱེ་འབྱེད་སྨན་བཅོས་བྱས་ཤིང་། མི་རེར་བཅོས་ཐབས་རེ་སྤྱད་པ་དང་། ནད་པས་སྨན་སྤྱོད་པའི་བརྒྱུད་རིམ་ནང་གི་ནད་གཞིའི་འགྱུར་ལྡོག་ལ་ལྟ་ཞིབ་ནན་པོ་བྱས་པ། སྨན་བཅོས་ཀྱི་ཕན་འབྲས་ལ་རྗེས་བསྙེགས་དམ་པོ་བྱས་མཐར། དུས་ཐོག་ཏུ་སྨན་བཅོས་ཀྱི་ཇུས་གཞི་ལེགས་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་བོད་ཀྱི་གསོ་བ་རིག་པའི་“ལུས། སེམས་”མཉམ་བཅོས་ཀྱི་རྩ་དོན་གཞིར་བཟུང་ནད་པར་སེམས་གདུང་སེལ་རོགས་བྱས་པས། ནད་པས་ནད་གཞི་ལས་རྣམ་པར་རྒྱལ་རྒྱུའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། མཚོ་ཞིང་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འཕྲལ་དུ་ཏོག་གསར་གློ་ཚད་བཅོས་པར་སྤྱོད་རྒྱུའི་བོད་སྨན་གྱི་སྨན་རྫས་སྣ་ཁ་9དམིགས་འཛུགས་སྐྱོབ་བཅོས་སྨན་ཁང་དུ་སྨན་སྦྱོར་བྱས་ནས། ཏོག་གསར་གློ་ཚད་ཕོག་མཁན་ལ་སྨན་བཅོས་བྱེད་པར་སྤྱད་པ་རེད། ད་རེས་ཀྱི་ནད་ཡམས་ཁྲོད་ནད་པ་10ལ་བོད་སྨན་ཁོ་ནས་སྨན་བཅོས་ཉིན་10ཙམ་བྱས་མཐར། ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཏེ་སྨན་བཅོས་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།
   འདི་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཉིད་ཏོག་གསར་གློ་ཚད་ཕོག་མཁན་གྱི་སྐྱོབ་བཅོས་བྱེད་རིམ་ཡོངས་སུ་ཐེངས་དང་པོ་ཞུགས་པ་ཡིན་ཞིང་། དེའི་ཐོག་ནས་རིམས་ནད་སྔོན་འགོག་སྨན་བཅོས་ཁྲོད་བོད་སྨན་ལ་ལྡན་པའི་དམིགས་བསལ་ལེགས་ཆ་གང་ལེགས་མངོན་ནས། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་དང་ཐོལ་བྱུང་འགོ་ནད་ཆེན་པོ་སྔོན་འགོག་ཚོད་འཛིན་ཁྲོད་བོད་སྨན་གྱིས་ནུས་པ་འདོན་རྒྱུའི་ཐད་ལ་རྩ་ཆེའི་ཉམས་མྱོང་མང་པོ་བསགས་ཡོད་པ་རེད།