འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་9ཉིན།

༄༅།།རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས། མཚོ་སྔོན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་
ལ་དངོས་སུ་མོས་མཐུན་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་09ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 2021ལོའི་ཟླ་11པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ལ་འཕྲིན་ཡིག་སྤྲིངས་ནས《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱ་རྒྱུའི་ཇུས་གཞི》ཕུལ་ཞིང་། ཉེ་ཆར། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་དངོས་སུ་ཡིག་ལན་སྤྲིངས་ནས་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་སྤེལ་རྒྱུར་རྩ་དོན་ཐོག་མོས་མཐུན་བྱས་པ་དེ་ཐོག་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད།
    རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྤྲིངས་པའི་འཕྲིན་ལན་ནང་ནན་བཤད་བྱས་དོན། 《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱ་རྒྱུའི་ཇུས་གཞིར》མོས་མཐུན་བྱས་པ་མ་ཟད། ཐོག་མའི་བརྟག་དཔྱད་དང་། མཐའ་མཚམས་ཁྱབ་ཁོངས་དང་དོ་དམ་ཚོད་འཛིན་ཁུལ་དབྱེ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད། འགལ་ཟླ་དང་གདོང་ཐུག་གོ་རིམ་ལྡན་པའི་ངང་འདུམ་འགྲིག སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན། ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དྲིལ་བསྒྲགས་དང་ཁྱབ་གདལ་ལ་ཤུགས་སྣོན། སྡེ་ཁུལ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཕྱོགས་བརྒྱད་ཀྱི་གཙོ་གནད་ལས་འགན་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། འཛུགས་གཏོད་ལས་འགན་ལེགས་གྲུབ་བྱུང་རྗེས། མ་ན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཚོད་སྐོར་རེ་ཞུ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་གས་གོང་ཞུ་དང་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་དུས་ཐོག་ཏུ་ཚོད་སྐོར་སྒྲིག་འཛུགས་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་དང་མཉམ་དུ་མཐུན་སྦྱོར་སྐུལ་འདེད་ཀྱི་ལམ་སྲོལ་བཙུགས་ནས་འབྲེལ་ཡོད་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱས་ཡོད།
    མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་པོ་ནི་ཀྲུང་གོའི་མཚོ་ཆེ་ཤོས་ཡིན་པ་དང་མཚོ་སྔོན་ཞིང་ཆེན་ཡང་མཚོ་སྔོན་པོར་བརྟེན་ནས་མིང་དེ་ལྟར་ཐོབ་པ་རེད། མཚོ་སྔོན་པོའི་འབབ་རྒྱུད་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་དང་རང་རྒྱལ་གྱི་ནུབ་བྱང་རྒྱུད་ཀྱི་ཁོར་ཡུག་ཆེན་པོའི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་པའི་ཆུ་གཟུགས་གལ་ཆེན་ཞིག་དང་། ནུབ་རྒྱུད་མྱ་ངམ་ཐང་ཤར་རྒྱུད་དུ་མཆེད་པར་ཚོད་འཛིན་དང་། ཤར་རྒྱུད་ཞིང་ལས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག ས་མཐོའི་སྐྱེ་དངོས་གཞི་རྒྱུའི་མཛོད་དང་རྒྱལ་སྤྱིའི་དུས་བྱའི་གནས་སྤོའི་བགྲོད་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག རང་རེའི་རྒྱལ་ནང་གི་བཞུར་རྒྱུན་ཆ་ཚང་བའི་ཆུའི་འཁོར་རྒྱུག་དང་ཆུའི་སྐྱེ་ཁམས་བརྒྱུད་རིམ་གྱི་དཔེ་མཚོན་ས་ཁོངས་ཤིག་བཅས་ཡིན་པས། ཐུན་མོང་མ་ཡིན་པའི“རྩྭ་ཐང་དང་། ཆུ་བོ། མཚོ། ཉ། འདབ་ཆགས”བཅས་མཉམ་དུ་གནས་པའི་སྐྱེ་ཁམས་འབྲེལ་ཐག་ཆགས་ཡོད་པ་དེར་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་དོན་སྙིང་གལ་ཆེན་ལྡན་ཡོད།