འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་9ཉིན།

༄༅།།མཚོ་སྔོན་གྱི་དཔྱིད་འདེབས་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་09ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཤར་ཚུན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་བཀོད་སྒྲིག་སྔ་ཙམ་བྱས་པའི་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔྱིད་འདེབས་ཐོན་སྐྱེད་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ། འབྲུ་རིགས་བརྟན་གཏོང་དང་མཁོ་སྤྲོད་འགན་ལེན་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གྲ་སྒྲིག་འདང་ངེས་བྱེད་པ། ཚན་རྩལ་ཞབས་འདེགས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་འཕེལ་རྒྱས་བདེ་བླག་བྱུང་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ལས་དོན་སྤྱིར་ན་མཇུག་འགྲིལ་ནས་དུས་འགོའི་ཞིང་ནང་གཡོག་བྱེད་དུས་མཚམས་སུ་སླེབས་ཤིང་། དགུན་གྲོ་མུའུ་ཁྲི་17ལོ་ཏོག་མིག་རྒྱག་གི་དུས་སུ་སླེབས་ནས་ལོ་ལེགས་ཡོང་ཉེར་ཡོད།
    འདི་ལོ་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཆ་རྐྱེན་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། ས་རྒྱུར་བཞའ་འཁོར་ཚད་འཚམ་པ། དཔྱིད་འདེབས་ཐོན་སྐྱེད་ཀྱི་འཕེལ་རྒྱས་བདེ་བླག་བྱུང་བ་བཅས་ཀྱི་ཐོག་ནས་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་། འཕེལ་རིམ་མགྱོགས་པ། སྤུས་ཚད་མཐོ་བ། མྱུ་གུ་ཐོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། སྔོན་དཔག་བྱས་ན་འདི་ལོ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་བསྡོམས་གྲངས་མུའུ་ཁྲི་865.99ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་13.72མང་དུ་ཕྱིན་པའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་455.61ཟིན་པ་དང་མུའུ་ཁྲི་12.59མང་དུ་ཕྱིན་ཏེ་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་ཡོང་རྒྱུ་དང་། པད་ཁ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་220.24ཟིན་ནས་མུའུ་ཁྲི་3.54མང་དུ་འགྲོ་རྒྱུ། སྔོ་ཚལ་མུའུ་ཁྲི་56.06ཟིན་རྒྱུ་དང་སྐྱེ་དངོས་གཞན་དག་མུའུ་ཁྲི་134.08ཟིན་རྒྱུ་བཅས་རེད།
    ད་ལོའི་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་། པད་ཁ། སྔོ་ཚལ་བཅས་གསུམ་གྱི་ཐོན་སྐྱེད་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་ཆེད། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས“ཚན་རྩལ་མི་སྣས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད”མུ་མཐུད་སྤེལ་ཏེ། རིམ་ཁག་ཞིང་ལས་ལག་རྩལ་ཁྱབ་གདལ་སྡེ་ཚན་ལ་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་ལས་ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ལག་རྩལ་གསོ་སྦྱོང་གི་ཞབས་འདེགས་ཞུ་རྒྱུ། ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་རྒྱུ། ཚན་རིག་དང་མཐུན་པའི་ངང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བྱ་རྒྱུ། རྣམ་གྲངས་དོན་འཁྱོལ་བཅས་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་ཞིང་ཁ་འདེབས་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲུ་རིགས་ལོ་ལེགས་ཡོང་བའི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།