འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་25ཉིན།

༄༅།།ཡུན་ནན་ཞིང་ཆེན་གྱིས། གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་25ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཡུན་ནན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་པའི་ནང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྐུར་སྐྱེལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་གསེབ་ཀྱི་སྐུར་སྐྱེལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ནས། 2025ལོར་སླེབས་སྐབས་སྒོ་དབྱེ་དམངས་ཕན་དང་། རུབ་བསྡུས་མཉམ་སྤྱོད། བདེ་འཇགས་ནུས་ཆེ། ཕྱོགས་གཉིས་ཀར་ཤར་གཏོང་བཅས་ཀྱི་ཡུན་ནན་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་ཅིག་སྤྱིར་ན་ཆགས་པར་བྱས་ཏེ། ཤང་ཚང་མར་ས་ཚིགས་ཡོད་པ་དང་གྲོང་ཚོ་ཚང་མར་ཞབས་འདེགས་ཞུ་ཐུབ་པར་བྱས་ནས། དམངས་བདེ་དམངས་ཕན་གྱི་སྐུར་སྐྱེལ་ཞབས་འདེགས་གཞི་རྩའི་ཆ་ནས་ཁྱབ་པར་བྱེད་དགོས་ལུགས་བཏོན་ཡོད།
   《ཇུས་གཞིའི》ནང་གྲོང་གསེབ་ཀྱི་སྦྲག་སྲིད་མ་ལག་དང་། མཐའ་མཇུག་ཐུན་མོང་སྡེབ་སྐྱེལ་མ་ལག མཐུན་སྦྱོར་འཕེལ་རྒྱས་མ་ལག གྲང་ཕྲེང་སྐུར་སྐྱེལ་མ་ལག་བཅས་མ་ལག་ཆེན་པོ་བཞི་འཛུགས་སྐྱོང་མགྱོགས་སུ་གཏོང་བར་དམིགས་ཏེ། “མྱུར་སྐྱེལ་གྲོང་ཚོར་སྐྱོད་པའི”འདུ་འགོད་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་རྫས་འཁོར་རྒྱུག་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་པོ་སེལ་བ། སྐུར་སྐྱེལ་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་གཙོ་གནད་ལས་འགན་4རིགས་དབྱེ་ཁ་གསལ་བྱེད་རྒྱུ་རེད།