འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།མཚོ་བོད་ལྕགས་ལམ་ཐོག་མྱུར་བགྲོད་མེ་འཁོར་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱིས་ད་ལོའི་ཟླ་དྲུག་པ་ནས་བཟུང་། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གློག་རླངས་སྒྱུར་བཀོད་བྱེད་འཆར་ཡོད་ཅིང་། སྤྱིའི་ལས་ཡུན་ལོ་3ཡིན་པ་དང་། ལས་གཞིར་ཚོད་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་148.4གཏོང་འཆར་ཡོད་ལ། དེའི་ཁྲོད་བོད་ལྗོངས་ཁོངས་གཏོགས་ཀྱི་ལམ་དུམ་བུར་སྒོར་དུང་ཕྱུར་72.06གཏོང་རྒྱུ་ཡིན་པ་རེད། ལས་གཞི་དེའི་ཡན་ལག་ལས་གཞིའི་གྲས་ཏེ་མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུའི་བརྡ་རྟགས་མ་ལག་སྒྱུར་བཀོད་ཀྱི་ལས་གྲྭ་ཡང་ལས་འགོ་འཛུགས་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་ཟླ་དྲུག་པའི་ཟླ་སྨད་ནས་འགོ་འཛུགས་རྒྱུ་ཡིན་པ་རེད།
     མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་གློག་རླངས་སྒྱུར་བཀོད་ལམ་ཐག་གིས་མཚོ་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ཀྱི་སྤྱི་ལེ་1136.338ཙམ་ཟིན་པ་དང་། ལྷ་སའི་འབབ་ཚུགས་ཕུད་འབབ་ཚུགས་32ཀྱི་སླེབས་གཏོང་ལམ་ཐིག་སྨི་850བར་རིང་དུ་སོང་བ་དང་།  ཨ་མདོ་དང་ནག་ཆུ། འདམ་གཞུང་བཅས་ཀྱི་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་སྐྱེལ་སྒྲིག་ཆས་སྒྱུར་བཀོད་བྱས་ཏེ་ཤུགས་འགྲེམས་མེ་འཁོར་འབབ་ཚུགས་ཀྱི་ཆ་རྐྱེན་དང་མཐུན་པ་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་གློག་རླངས་སྒྱུར་བཀོད་ལས་གྲྭ་ནི་རྒྱལ་ཁབ་ཀྱི་ལྷོ་ནུབ་རྒྱུད་ཀྱི་འཐབ་ཇུས་འཆར་འགོད་ཀྱི་གཙོ་གནད་ལས་གཞི་ཞིག་ཡིན་ལ། མིག་སྔར་ལས་གྲྭ་དེའི་ཡན་ལག་ལས་གཞིའི་གྲས་ཏེ་མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུའི་བརྡ་རྟགས་མ་ལག་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་ཤིང་། ལྟ་སྐུལ་དོ་དམ་གྱི་སུས་འཇོན་དེ་འགུག་ལས་དོན་ཡང་སྤེལ་བཞིན་ཡོད་པ་རེད།
     ལས་གཞི་ཚང་མ་ལེགས་སྒྲུབ་ཟིན་རྗེས། མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་འགྲོ་བ་དང་། ས་ཁོངས་ཀྱི་ལམ་དྲའི་གློག་རླངས་དྲ་བ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཀྱིས་སྐྱེལ་འདྲེན་མ་གནས་དམའ་རུ་འགྲོ་བ་དང་། མཚོ་བོད་ལྕགས་ལམ་གྱི་གཉེར་སྐྱོང་བདེ་འཇགས་དང་། བློས་འགེལ་ཚད། ཉེན་འགོག་ནུས་པ་བཅས་ཇེ་མཐོར་གཏོང་རྒྱུ་རེད། དེ་ནི་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་བོད་ས་མཐོའི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། ཐཱན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་ལ་སྐུལ་མ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
 མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་2006ལོར་ཤར་གཏོང་ཐུབ་པ་དང་། དེ་ནི་ལམ་རྒྱུད་ཀྱི་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་ལྕགས་ལམ་ཉག་གཅིག་དེ་ཡིན་པའི་ཆ་ནས། བོད་རང་སྐྱོང་ལྗོངས་དང་ལམ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་ཟོག་འདྲེན་གྱི་འགན་འཁུར་ཡོད་པ་རེད། 2021ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན། ལྷ་ས་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་བྱེ་བ་3.0968དང་དངོས་ཟོག་ཏུན་བྱེ་བ་7.1185སྐྱེལ་འདྲེན་བྱས་ཡོད་ཅིང་། དེའི་ཁྲོད་བོད་ལྗོངས་སུ་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་བྱེ་བ་1.5632དང་དངོས་ཟོག་ཏུན་བྱེ་བ་6.406 ཟིན་པ། བོད་ལྗོངས་ནས་ཕྱིར་སྐྱེལ་བྱས་པའི་འགྲུལ་པ་མི་ཐེངས་བྱེ་བ་1.5336དང་དངོས་ཟོག་ཏུན་ས་ཡ་7.125ལྷག་ཟིན་ཡོད་པ་རེད།