འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།བོད་ལྗོངས་ཀྱི་དེ་སྔའི་རྫོང་དཔོན་གཞོན་པ་ཞིག་གཉིས་འབུད་བཏང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷོ་ཁ་གྲོང་ཨུད་ཀྱི་ཆོག་མཆན་ཐོབ་པར་བརྟེན་ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་གོང་དཀར་རྫོང་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་རྫོང་དཔོན་གཞོན་པ་རེན་ཤིང་པའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད། 
   ཞིབ་བཤེར་བྱས་པ་བརྒྱུད། རེན་ཤིང་པའོ་ཡི་ཕུགས་བསམ་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་གྱི་ལས་འགན་རྒྱབ་ཏུ་བསྐྱུར་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྤུ་ཙམ་ཡང་མེད་པ། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་རླངས་འཁོར་གཡར་བ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་ལག་རྟགས་དང་སྐྱེས་དངུལ་བླངས་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་དང་ལེན་བྱེད་པ། མི་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་དངུལ་གཡར་སྤྱོད་བྱས་པ་དང་། སྒྲིག་འགལ་ངང་ཚོང་གཉེར་བྱས་པ་དང་ཁེ་ལས་གཉེར་བ། ལས་གནས་ཐོག་གི་ཤུགས་རྐྱེན་ལ་བརྟེན་ནས་རང་གི་བཟའ་ཟླར་ཁེ་ཕན་གཉེར་བ་དང་། དོ་དམ་དང་ཞབས་འདེགས་ཞུ་ཡུལ་ལ་གཞུང་དོན་འགྲོ་གྲོན་གཏོང་བཅུག་པ། ལས་གནས་ཀྱི་གོ་བབ་དང་བསྟུན་ནས་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་མི་གཞན་གྱི་རྒྱུ་ནོར་བླངས་ཡོད་པ་རེད།
   རེན་ཤིང་པའོ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཡོད་པས་ལས་འགན་ཐོག་ཁྲིམས་འགལ་བྱས་པའི་ཉེས་ཚད་གྲུབ་པ་མ་ཟད། ལྐོག་རྔན་ལེན་པའི་བྱས་ཉེས་གསོག་དོགས་ཀྱང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ད་དུང་ཚད་མི་བཟུང་ཞིང་མཚམས་མི་འཇོག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ངོ་ཚ་མི་ཤེས་པ་དང་མཚམས་འཇོག་མི་ཤེས་པས་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པར་སྲིད་དོན་ཆད་གཅོད་བྱེད་ཕྱོགས་ཀྱི་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར།ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པ་མ་ཟད།ལྷོ་ཁའི་གྲོང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད།ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ཀྱིས་རེན་ཤིང་པའོ་ལ་ཏང་ནས་འབུད་རྒྱུ་དང་། ལྷོ་ཁ་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་དེ་གཞུང་གནས་ནས་འབུད་རྒྱུ།དེའི་ཁྲིམས་འགལ་ཐོབ་ཆ་བསྡུ་ལེན་བྱ་རྒྱུ།དེའི་བྱས་ཉེས་དང་འབྲེལ་ཡོད་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ་རྒྱུ། གྱོད་གཞི་དང་འབྲེལ་ཡོད་རྒྱུ་དངོས་ཚང་མ་གྱོད་གཞི་དང་མཉམ་དུ་སྐྱེལ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།