འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།སྐས་རིམ་གསར་པར་བསྟུད་མར་སླེབས་པ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱིས་ལོ་བཅུར་བཀྲག་མདངས་འཚེར་
བའི་རྒྱུགས་ལན་ཕུལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2012ལོའི་སྒོར་དུང་ཕྱུར་ཁྲི་24.4ནས་2021ལོའི་སྒོར་དུང་ཕྱུར་ཁྲི་39.1བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་རྒྱུན་ཆད་མེད་པར་འཕར་ཞིང་། 2017ལོ་ནས་བཟུང་ལོ་5བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་མ་ཟད། དངོས་ཟོག་དང་ཞབས་ཞུའི་ཉོ་ཚོང་བསྡོམས་འབོར་ཡང་2020ལོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།
    འདི་ནི་ཚེས་20ཉིན་འཚོགས་པའི“ཀྲུང་གོའི་ལོ་བཅུ་པོ་འདི”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱིས་ཕུལ་བའི་བཀྲག་མདངས་འཚེར་བའི་རྒྱུགས་ལན་རེད།
    ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་ཕྱི་ཕྱོགས་ཚོང་དོན་བརྟན་དུ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་དང་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
   ཕྱི་ཕྱོགས་ཚོང་དོན་ནི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི“ཤིང་རྟ་འཁོར་ལོ་གསུམ”གྱི་གྲས་ཤིག་རེད། གྲངས་གཞི་ལས་མངོན་པར། 2021ལོར་རང་རྒྱལ་གྱི་དངོས་ཟོག་དང་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)ལ་སྐུལ་ཁྲིད་བྱས་པ་བརྒྱུད་བརྒྱ་ཆའི་གྲངས་1.7འཕར་བ་དང་། GDPའཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་20.9%ཟིན་ཡོད། རང་རྒྱལ་གྱིས་ནང་འདྲེན་བྱས་པ་དེས་གོ་ལ་ཧྲིལ་པོའི་ནང་འདྲེན་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་13.4%ཟིན་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཝང་ལིང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་2021ལོའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་སྒོར་དུང་ཕྱུར་ཁྲི་14.7ཟིན་ཞིང་། གྲངས་ཀ་དེ་2009ལོའི་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དང་འདྲ་པོ་ཡོད། དངོས་ཟོག་ཉོ་ཚོང་གི་གཞི་ཁྱོན་2018ལོར་སྒོར་དུང་ཕྱུར་ཁྲི་30ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་རྗེས་2021ལོར་སླར་ཡང་སྒོར་དུང་ཕྱུར་ཁྲི་40ཙམ་ཟིན་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་ཡང་2012ལོའི་10.4%ནས་ན་ནིང་གི་13.5%བར་མཐོ་རུ་ཕྱིན་པ། གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་དང་པོའི་གནས་བབ་སྔར་བས་བརྟན་དུ་སོང་བ་བཅས་ལས་ཀྲུང་གོ་ནི“འཛམ་གླིང་གི་བཟོ་གྲྭ”ཡིན་པ་མ་ཟད། ད་དུང“འཛམ་གླིང་གི་ཁྲོམ་ར”ཡང་ཡིན་པ་གང་ལེགས་མཚོན་གྱི་ཡོད།
   གྲངས་འབོར་ཟམ་མི་ཆད་པར་འཕར་བ་ཕུད། ད་དུང་ལོ་བཅུའི་ནང་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུའང་ཟམ་མི་ཆད་པར་སོང་ཞིང་། ཕྱི་ཕྱོགས་ཚོང་དོན་གྱི་གཉེར་སྐྱོང་བྱེད་པོ་ལྡབ་1.7འཕར་བ་མ་ཟད། ཕྱི་ཕྱོགས་ཚོང་དོན་གྱི“གྲོགས་ཚོགས”ཀྱང་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཡོ་རོབ་མནའ་འབྲེལ་དང་། ཨ་རི། རི་པིན། ཧན་གོ་སོགས་སྲོལ་རྒྱུན་གྱི་ཚོང་དོན་རོགས་ཟླ་དང་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་དུས་མཚུངས་སུ། རང་རྒྱལ་གྱིས་ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་གསར་དར་ཁྲོམ་ར་ཡང་ཧུར་ཐག་བཏོད་ཡོད།
   ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རིང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གྲུབ་ཆའང་སྔར་བས་ལེགས་སུ་སོང་ཞིང་། ལོ་བཅུའི་རིང་ཕྱིར་གཏོང་གཙོ་ཁྲིད་ཐོན་ལས་དེ་སྲོལ་རྒྱུན་གྱི་ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་ནས་མཐོ་གསར་ལག་རྩལ་གྱི་ཐོན་ལས་ལ་ཕྱོགས་སྒྱུར་རིམ་སྤོར་བྱས་པ་མ་ཟད། སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་དང་། འགག་རྩའི་ལྷུ་ལག སྤུས་ལེགས་འཛད་རྫས་བཅས་ནང་འདྲེན་བྱེད་རྒྱའང་ཆེ་རུ་བཏང་ཡོད།