འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་22ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་22ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་5ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་ནས་ལི་ཅ་ཁྲའོ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་གནང་བ་དང་2022ལོའི་ཟླ་7ཚེས་1ཉིན་ནས་ལས་འགན་འཁུར་རྒྱུ་ཡིན་པ་རེད།
     ཚོགས་འདུའི་ཐོག་ལི་ཅ་ཁྲའོ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པའི་འོས་མིར་འདེམས་བསྐོ་བྱ་རྒྱུའི་སྐོར་གྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྙན་ཞུར་གྲོས་ཞིབ་གནང་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པའི་འོས་མི་བདམས་ཐོན་གྱི་བརྒྱུད་རིམ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཤཱ་པའོ་ལུང་གི་སྙན་སེང་གསན་པ་རེད།
     ཤཱ་པའོ་ལུང་གིས་སྙན་སེང་ནང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་འདེམས་བསྐོ་བྱེད་སྐབས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ལ་ནན་པོ་གཞིགས་པ་ལས་ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་མཚོན་ཡོད། སྐུ་ཞབས་ལི་ཅ་ཁྲའོ་ལ་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་བ་དེ་ལས་ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་སླར་ཡང་རྡོག་ཐོན་ལ་རེ་སྒུག་བྱེད་པའི་ཐུན་མོང་གི་བསམ་འདུན་མཚོན་ཡོད་ཅེས་གསུངས་པ་རེད།
     ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་ཕྱོགས་ཡོངས་གནད་འཁེལ་དང་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཇུས་ལག་བསྟར་དང་། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ། “རྒྱལ་གཅེས་བས་ཤང་ཀང་སྐྱོང་བ”དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། ཤང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་། ཚོང་དོན། ཆུ་ཐོག་སྐྱེལ་འདྲེན་གྱི་ལྟེ་བའི་གནས་བབ་སྲ་བརྟན་མཐོར་འདེགས་ལ་རྒྱབ་སྐྱོར། རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་གྱི་ལྟེ་གནས་གང་མགྱོགས་འཛུགས་སྐྲུན། ཤང་ཀང་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེར་གཏོང་། ཤང་ཀང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ། རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་བཀོད་པ་ཆེན་པོའི་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བཅས་བྱས་ཏེ་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་ཡིན། སྐུ་ཞབས་ལི་ཅ་ཁྲའོ་ཡིས་སྲིད་འཛིན་དཔོན་གྱི་ལས་འགན་ཁུར་རྗེས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་དང་ཤང་ཀང་གི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱར་བ་གྲུ་འདེགས་དང་དངོས་སྒྲུབ་ཡར་བརྩོན་གྱིས་ཤང་ཀང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།