འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་19ཉིན།

༄༅།།ཞིབ་འཇུག་སློབ་མ་འགའི་རྒྱལ་ཁབ་རོགས་དངུལ་ཕྱིར་བསྡུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་19ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན་ཧྲན་ཞི་དགེ་འོས་སློབ་ཆེན་གྱི་དྲ་ཚིགས་ཐོག་བརྡ་ཁྱབ་བཏང་དོན། ཧྲན་ཞི་དགེ་འོས་སློབ་ཆེན་གྱིས་ལོ་རིམ་2021དང་2020པའི་སློབ་ཐོན་ཞིབ་འཇུག་སློབ་མ་དུ་མར་སློབ་སྦྱོང་བྱེད་རིང་དུ་ཐོབ་པའི་ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་ཚང་མ་འདེད་ལེན་བྱས་པ་དང་འབྲེལ་རྒྱལ་མཛོད་དུ་རྩིས་སྤྲོད་བྱས་ཡོད།
   བརྡ་ཁྱབ་ལས་བསྟན་དོན། 2021ལོའི་ཟླ་11པར་རྩིས་བཤེར་སྤྱི་འདོམས་ཁང་ཐའེ་ཡོན་ཆེད་མངགས་གཞུང་དོན་ཁང་གིས་ཧྲན་ཞི་ཞིང་ཆེན་དུ་2021ལོའི་ལོ་མཇུག་བར་གྱི་ནོར་སྲིད་མ་དངུལ་ཐད་གཏོང་ལམ་སྲོལ་འཁོར་སྐྱོད་བྱས་ཚུལ་དང་སློབ་མའི་རོགས་དངུལ་བགོ་བཤའ་དང་བེད་སྤྱོད་བྱས་ཚུལ་རྩིས་བཤེར་བྱེད་རིང་ཤེས་རྟོགས་བྱུང་དོན། ངེད་སློབ་གྲྭའི་ཚེ་སྲོག་སློབ་གླིང་གི་སྐྱེ་ཁམས་རིག་པའི་ཆེད་ལས་ཀྱི་ལོ་རིམ་2021གི་སློབ་ཐོན་ཞིབ་འཇུག་སློབ་མ་ལིའུ་ཆེ་གེ་མོ་དང་། ཚེ་སྲོག་སློབ་གླིང་སྐྱེ་ཁམས་རིག་པའི་ཆེད་ལས་ཀྱི་ལོ་རིམ་2020པའི་སློབ་ཐོན་ཞིབ་འཇུག་སློབ་མ་མཱ་ཆེ་གེ་མོས་ཆ་འཕྲིན་རྫུས་མ་མཁོ་འདོན་བྱས་ནས་ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལོངས་སྤྱོད་བྱས་ཡོད། ལུས་རྩལ་སློབ་གླིང་གི་ལུས་རྩལ་སློབ་ཁྲིད་ཆེད་ལས་ཀྱི་ལོ་རིམ་2020པའི་སློབ་ཐོན་ཞིབ་འཇུག་སློབ་མ་ལི་ཆེ་གེ་མོ་དང་། ལུས་རྩལ་སློབ་གླིང་གི་ལུས་རྩལ་ཆེད་ལས་ཀྱི་ལོ་རིམ་2020པའི་སློབ་ཐོན་ཞིབ་འཇུག་སློབ་མ་ཞུས་ཆེ་གེ་མོ། རྩོམ་རིག་སློབ་གླིང་གི་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ལོ་རིམ་2020པའི་སློབ་ཐོན་ཞིབ་འཇུག་སློབ་མ་མོང་ཆེ་གེ་མོ། ཟློས་གར་དང་གློག་བརྙན་སློབ་གླིང་གི་ཟློས་གར་དང་གློག་བརྙན་དང་བརྙན་འཕྲིན་རིག་པའི་ཆེད་ལས་ཀྱི་ལོ་རིམ་2020པའི་ཞིབ་འཇུག་སློབ་མ་རེན་ཆེ་གེ་མོས་ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལོངས་སྤྱོད་བྱེད་པའི་དུས་མཚུངས་སུ་རྒྱལ་ཁབ་ཀྱི་ནོར་སྲིད་འཚོ་སྐྱོང་ལོངས་སུ་སྤྱད་ཡོད་པས། སློབ་གྲྭས་ཁོང་ཚོས་སློབ་གྲྭར་སློབ་སྦྱོང་བྱེད་རིང་ཐོབ་པའི་ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ཡོངས་རྫོགས་ཕྱིར་བསྡུས་པ་མ་ཟད་རྒྱལ་མཛོད་དུ་རྩིས་སྤྲོད་བྱས་པ་རེད།