འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་16ཉིན།

༄༅།།ས་མཐོའི་ཡུལ་ལྗོངས་ཁུལ་དུ་ལྗང་མདོག་གཞུང་ལམ་ཇི་ལྟར་སྐྲུན་དགོས་སམ།

—— མཚོ་སྔོན་རྒྱ་ནུབ་གཞུང་ལམ་རྣམ་གྲངས་ཀྱི་འཐབ་ཕྱོགས་དང་པོའི་མཐོང་ཐོས་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་16ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་བ་ལྔ་པར་དཔྱིད་ཀྱི་ཁ་བ་ཐེངས་གཅིག་བབས་རྗེས། མཚོ་སྔོན་ས་མཐོའི་གནམ་གཤིས་དྲོད་ཚད་དེ་མ་ཉིད་དུ་ཆག མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཐུའུ་རིགས་རང་སྐྱོང་རྫོང་རྒྱ་ཏིག་གྲོང་རྡལ་ནས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་བར་གྱི་གཞུང་ལམ་རྣམ་གྲངས་བསྐྲུན་ཡུལ་དུ་འཛུགས་སྐྲུན་པ་བྲེལ་འཚུབ་ཆེ་ཞིང་ལས་གནས་བརྟན་པོ་སྲུང་བཞིན་ཡོད།
     རྒྱ་ནུབ་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་214ཟིན་པ་དེ། ཧུའུ་ཀྲུའུ་ཐུའུ་རིགས་རང་སྐྱོང་རྫོང་རྒྱ་ཏིག་གྲོང་རྡལ་ནས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་བར་ཡིན་ཞིང་། དེ་ནི་ཟི་ལིང་ནས་ལན་ཀྲོའུ་རུ་སྐྱོད་སའི“བགྲོད་ལམ་གཉིས་པ”དེ་རེད། དེའི་ནང་། ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་བཞི་པ་ཚད་ཡོད་ཀུང་སིས་སྣེ་ཁྲིད་དེ་བསྐྲུན་པའི་ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་རིང་ཤོས་ནི་རྒྱ་ནུབ་གཞུང་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད་ལ། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་སྐྲུན་བཞིན་པའི་ཕུག་ལམ་རིང་ཤོས་དེའང་རེད།
    ཕུག་ལམ་གྱི་ཕུ་རུ་འཛུལ་རིམ་བཞིན་མུན་པ་ཇེ་ནག་ལ་བཞའ་ཚན་ཆེན་པོ་ཡོད། ཕུག་ལམ་འདྲུ་མཁན་བཟོ་པ་ཝུའུ་ཡོན་ཕིང་ལྕགས་སྒྲོམ་ཐོག་ལངས་བཞིན་ལག་ཏུ་ཁུང་འབིགས་ཡོ་ཆས་འཇུས་ནས་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁུང་འབིགས་ཡོ་ཆས་ཀྱི་སྒྲ་ཧ་ཅང་ཆེ། ཨར་ལས་འགན་འཁུར་བ་ལིའུ་པིང་གིས“ཨི་ཁུང་འབིགས་རྒྱུ་ནི་ལག་རྩལ་གྱི་ལས་ཀ་ཞིག་རེད། རྒྱུན་དུ་ཨི་ཁུང་གི་ཁ་ཞེང་ལི་སྨི་4ཡིན་པ་དང་། ཨི་ཁུང་རེ་རེའི་དབར་བར་ཐག་གཅིག་མཚུངས་བཞག་ན་གཞི་ནས་འབར་གཏོར་ཐུབ་ཀྱི་ཡོད”ཅེས་བརྗོད།
    ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་རིང་ཤོས་དེ་ས་ཁོངས་མཐོ་ས་བརྒྱུད་དགོས་པ་དང་། དགུན་དུས་གནམ་གཤིས་གྲང་ངར་ཆེ་བ། བྲག་རྡོ་བརྟན་པོ་མེད་པ་བཅས་ལས། སྐབས་ཤིག་རིང་ཨར་ལས་ཀྱི་འཕེལ་རིམ་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། རྒྱ་ནུབ་གཞུང་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཀན་ཧོ་ཏེས། ཕུག་ལམ་སྐྲུན་རིང་ཨར་ལས་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ལས་གྲྭའི་སྤུས་ཚད་དང་སྐྱེ་ཁམས་དོ་སྙོམས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
    མི་རིང་བའི་གོང་། ཕུག་ལམ་དང་པོ་དང་གཉིས་པའི་གསེག་ཁྲོན་ཚང་མ་ཏལ་འབིགས་ཐུབ་པ་དང་། གསེག་ཁྲོན་དང་ཕུག་ལམ་གཙོ་བོའི་དབར་གྱི་བགྲོད་ལམ་ཏལ་འབིགས་ཐུབ་རྗེས། ཨར་ལས་ཀྱི་ལས་འབོར་གཉིས་ནས་ལྔ་བར་མང་དུ་འགྲོ་གི་ཡོད། ཀན་ཧོ་ཏེས“ད་ལྟ་མགྱོགས་ཤོས་སྐབས་སུ་ཉིན་ལྟར་ཕྱོགས་རྐྱང་པའི་ཕུག་ལམ་གཙོ་བོ་མདུན་ངོས་སུ་སྨི་40འབིགས་ཐུབ་ཀྱི་ཡོད། ཨར་ལས་ཀྱི་འཕེལ་རིམ་དེ་སྔོན་ལས་ལྡབ་1མགྱོགས་པ་ཡོད”ཅེས་བརྗོད།
    ཉིན་དགུང་ཆུ་ཚོད་12ཙམ་ལ། བཟོ་པ་ཚོས་ཟ་ཁང་གི་སྒོ་འགྲམ་དུ་བང་རིང་པོ་བསྒྲིགས་ཏེ་ཚ་བ་བརྟག་དཔྱད་བྱས་རྗེས་ཟ་ཁང་དུ་འཛུལ་ནས་ཁ་ལག་ཟ་འགོ་ཚུགས། རྒྱ་ནུབ་གཞུང་ལམ་གྱི་JX—1དུམ་བུའི་རྣམ་གྲངས་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་ལི་ཀྲན་ཁོའོ་ཡིས། མིག་སྔར་ཨར་ལས་བྱ་ཡུལ་དུ་བཀག་སྡོམ་རྣམ་པའི་དོ་དམ་བྱེད་བཞིན་ཡོད། བཟོ་པ་ལས་ཡུལ་དུ་མ་འཛུལ་གོང་ངེས་པར་དུ་དུག་སེལ་དང་ཚ་བ་བརྟག་དཔྱད་དང་ལེན་བྱས་ནས“རིམས་འགོག”དང“འཛུགས་སྐྲུན”གཉིས་ཀར་འཐུས་ཤོར་མི་འགྲོ་བའི་འགན་ལེན་ཧུར་ཐག་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
    རྒྱ་ནུབ་གཞུང་ལམ་རྣམ་གྲངས་དེ་ཧུའུ་ཀྲུའུ་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བརྒྱུད་དགོས་པ་དང་། ལམ་དུམ་ཁག་ཅིག་རྨ་ཆུའི་ཡན་ལག་གཙོ་བོ་སྟེ་འཇུ་ལག་ཆུ་བོ་དང་འབྲེལ་བ་ཡོད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ཅུང་མཐོ་ཙམ་ཡོད། ཇི་ལྟར་བྱས་ནས་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རྣམ་གྲངས་འཆར་འགོད་བྱེད་རིང་གི་ནང་དོན་གལ་ཆེན་ཞིག་ལ་གྱུར་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཞིང་དང་ནགས་ས་བཟུང་ཚད་དང་སྔོ་ཁེབས་ལ་གཏོར་སྐྱོན་ཕོག་ཚད་ཆུང་དུ་གཏོང་ཆེད། རྣམ་གྲངས་དེས་གདུང་སྒྲོམ་སྔོན་བཟོ་སོགས་ཀྱི་གནས་སྐབས་བསྐྲུན་པའི་འཛུགས་སྐྲུན་སྒྲིག་བཀོད་ཆེ་གྲས་ཚང་མ་ས་བཟུང་རྒྱ་ཁྱོན་ཅུང་ཆེ་བའི་གཙོ་རྐང་ཞབས་ཞུའི་སྒྲིག་བཀོད་ནང་འཆར་འགོད་བྱས་པས། སྐྱེ་ཁམས་ལ་འགལ་རྐྱེན་བཟོ་ཤུགས་ཆུང་དུ་གང་ཐུབ་ཕྱིན་ཡོད།
   ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་རིང་ཤོས་ཀྱི་ཕྱི་རོལ་དུ་སྤྱི་ལེ་ཁ་ཤས་སར་རྡོ་ཧྲུག་ཕུང་གསོག་ཐེབས་ཡོད་པ་དང་། ལྗིད་ཐེག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་རྡོ་ཧྲུག་དེ་དག་ཨར་ལས་བྱ་ཡུལ་ཁག་ཏུ་དབོར་གྱི་ཡོད། ལི་ཀྲན་ཁོའོ་ཡིས“རྡོ་ཧྲུག་འདི་དག་ནི་ཕུག་ལམ་གྱི་རྡོ་རོ་ཡིན་པ་དང་། ལས་སྣོན་བྱས་རྗེས་གཞུང་ལམ་གྱི་ལམ་གཞི་འདིང་རྒྱུར་སྤྱད་ནས་ཕུག་ལམ་གྱི་རྡོ་ཧྲུག་ཕུང་གསོག་ཐེབས་པའི་གནད་དོན་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་བརྗོད།
   མིག་སྔར། རྒྱ་ནུབ་གཞུང་ལམ་རྣམ་གྲངས་སྐྲུན་ཁུལ་གྱི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་ཀླད་སྐོར་འོག་ལ་སླེབས་ཀྱི་ཡོད། ས་གནས་དེ་གའི་དགུན་ཡུན་རིང་བས་ལོ་ལྟར་གྱི་ཨར་ལས་བྱེད་ཡུན་ཟླ་བ་8ལས་མེད། ཀན་ཧོ་ཏེས“འདི་ལོའི་ངལ་རྩོལ་དུས་ཆེན་ལ། ང་ཚོ་ཚང་མ་ངལ་གསོ་བརྒྱབ་མེད། ས་མཐོའི་ལྗང་མདོག་གཞུང་ལམ་འདིའི་ཐོག་སྐྱེལ་འདྲེན་གཉེར་སྐྱོང་སྔ་ཙམ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།